གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

བསམ་རྩེ་ལུ་ དོས་ནང་འདྲེན་དང་ཕྱིར་ཚོང་གི་དོན་ལུ་ སྒོ་ར་སྒོ་ཕྱི་སྟེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ བསམ་རྩེ་གི་འགེགས་སྲུང་ཁ་ལས་ ཅ་ཆས་ཚུ་ ལོག་ནང་འདྲེན་དང་ཕྱིར་ཚོང་འཐབ་ནི་འགོ་བཙུགས་ཏེ་ ད་རེས་འབདཝ་ད་ལུ་ ཟླཝ་ལྷགཔ་ཅིག་ལང་སྟེ་འདུག

ཨིན་རུང་ འགེགས་སྲུང་དེ་ཁ་ལུ་ ནད་གཞི་ཀོ་ཝིཊ་ནའིན་ཊིན་སྔོན་འགོག་འབད་ནི་གི་དོན་ལས་ ཐབས་ལམ་ཚུ་ཡང་ བཏོན་ཏེ་རང་ཡོདཔ་ཨིན་མས།

འདི་འབདཝ་ལས་ རྒྱ་གར་གྱི་སྣུམ་འཁོར་ནང་ལུ་ དོས་འདི་ཚུ་ལྷོད་པའི་སྐབས་ སྣུམ་འཁོར་ཚུ་ བསམ་རྩེ་གི་ དོས་ཕེབ་ལེན་འབད་སའི་ས་སྒོ་ཚུན་ཚོད་ འཛུལ་མ་བཅུག་པའི་ཧེ་མ་ སྨན་རྫས་ཚུ་བཏོར་དོཡོདཔ་མ་ཚད་ དེད་གཡོགཔ་འདི་ཡང་ ཟུར་བཞག་ནི་འདུག

འདི་གི་ཤུལ་ལས་ སྣུམ་འཁོར་འདི་ནང་ལས་ དོས་ཕབ་ཞིམ་ལས་ འབྲུག་པའི་སྣུམ་འཁོར་ནང་ལུ་བཀལ་ནི་གི་ལཱ་འདི་ འབྲུག་མི་ཚུ་གིས་ འབད་དོ་ཡོད་པའི་ཁར་ ལཱཔ་ཚུ་དང་ཅིག་ཁར་ ཚོང་པ་ཚུ་གིས་ཡང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཆོག་དོ་ཡོདཔ་ཨིན་མས།

འགེག་སྲུང་འདི་ཁ་ལས་ ཅ་ཆས་ནང་འདྲེན་དང་ ཕྱིར་ཚོང་འཐབ་པའི་སྐབས་ ལམ་ལུགས་འདི་ལུ་ གནས་མ་གནས་འདི་ བདེ་སྲུངཔ་དང་ཁྲིམས་སྲུང་འགག་པ་ཚུ་གིས་ བལྟ་རྟོག་འབད་བའི་བསྒང་རང་འདུག

ཚོང་པ་ཚུ་གིས་སླབ་མི་ནང་ རྒྱ་གར་གྱི་སྣུམ་འཁོར་ནང་ལས་ ཅ་ཆས་ཚུ་ འབྲུག་པའི་སྣུམ་འཁོར་ནང་ལུ་བཀལ་བཅུག་པའི་སྐབས་ ལས་མི་ཚུ་དང་ ཐད་ཀར་དུ་འབྲེལ་བ་འཐབ་མ་ཚུགས་རུང་ གླ་ཆ་འདི་ཚུ་ གཞུང་གིས་བཟོ་གནང་སྟེ་ཡོད་མི་ གླ་ཆ་གུ་རྩིས་རྐྱབ་སྟེ་རང་འབྱིན་དོ་ཟེར་བཤད་ཅི།

འདི་ཡང་ དོས་ སྣུམ་འཁོར་བོ་ལི་རོ་གཅིག་ཕབ་ཞིན་ན་ འབྲུག་པའི་སྣུམ་འཁོར་ནང་ལུ་བཀལ་བའི་སྐབས་ གླ་ཆ་དངུལ་ཀྲམ་༨༠༠རེ་ སྤྲོད་དོ་ཡོདཔ་སྦེ་ཨིན་མས།

 འདི་བཟུམ་སྦེ་ སྣུམ་འཁོར་དྲི་སི་ཨེམ་རེ་གི་དོས་ ཕབ་ལེན་འབད་བའི་སྐབས་ གླ་ཆ་དངུལ་ཀྲམ་༡༥༠༠རེ་དང་ སྣུམ་འཁོར་ཀྲག་གི་དོན་ལུ་འབད་བ་ཅིན་ གླ་ཆ་དངུལ་ཀྲམ་སྟོང་ཕྲག་༣ཚུན་ཚོད་ འབྱིན་ཏེ་འདུག

བསམ་རྩེ་ལུ་ ད་རེས་ དོས་ཕབ་ལེན་འབད་ནི་གི་ལཱ་འདི་ ནད་ཡམས་འདི་ལས་བརྟེན་ཏེ་ ལཱ་གཡོག་མེད་པར་ལུས་ཏེ་ཡོད་མི་ ན་གཞོན་༢༥འབད་མི་སྡེ་ཚན་གཅིག་གིས་ འབད་དོ་ཡོདཔ་ཨིན་མས།

བསམ་རྩེ་ཁྲོམ་གི་ངོ་ཚབ་ སོམ་ཀུ་མར་པར་དཱན་གྱིས་སླབ་མི་ནང་ ཁོང་དོས་ཕབ་ལེན་འབད་མི་ཆ་ཁྱབ་ ཁ་རས་ལག་ལེན་འཐབ་བཅུག་སྟེ་ཡོདཔ་མ་ཚད་ སྣུམ་འཁོར་གཅིག་གི་དོས་ཕབ་ལེན་འབད་ཚར་བའི་སྐབས་ ལགཔ་འདི་ཚུ་ཡང་ ཆུ་ཁྱུ་བཅུག་དོ་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཁོང་ཆ་ཁྱབ་ ཞག་གྲངས་༢༡འགྱོཝ་ད་ལུ་ ནད་གཞི་ཀོ་རོ་ན་ཝའི་རཱས་ཀྱི་དོན་ལུ་ བརྟག་དཔྱད་ཚུ་འབད་དོ་ཡོདཔ་ཨིན་མས།

 བསམ་རྩེ་ལུ་ ཅ་ཆས་འདི་ཚུ་ མང་སུ་ཅིག་སྦེ་ ཕབ་ལེན་འབད་དགོ་བདེ་ཏོག་ཏོ་བཟོ་ནི་གི་དོན་ལུ་ དོ་ཕབ་སའི་ས་སྒོ་ཅིག་ཡང་ རྐྱབ་པའི་བསྒང་རང་འདུག

ས་སྒོ་འདི་རྐྱབ་ཚར་བའི་བསྒང་ལས་ དམིགས་གསལ་གྱི་ གློ་འབུར་གྱི་གནས་སྟངས་ཚུ་ཤར་བའི་སྐབས་ རྒྱལ་ཁབ་ནང་ལུ་ ཅ་ཆས་བཀྲམ་སྤེལ་གྱི་ནང་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིནམ་ད་ ས་ཁོངས་འདི་ཡང་ ད་རེས་ཀྱི་ཟླ་མཇུག་ཁ་ལུ་ རྐྱབ་ཚར་ནི་ཨིན་མས།

བསམ་རྩེ་གི་འགེགས་སྲུང་ སྒོ་མ་ཕྱི་བའི་ཧེ་མ་ ཅ་ཆས་ཚུ་ ཕུན་ཚོགས་གླིང་བརྒྱུད་དེ་ འབག་འོང་དགོཔ་ཐོན་ཏེ་སྡོད་ནུག

 

 གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ།

 བསམ་རྩེ།