གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

པདྨ་དགའ་ཚལ་ ཨ་ཝ་ཤིང་གི་ལམ་མེདཔ་ཐལ་མི་ལུ་བརྟེན་ཏེ་ མི་སེར་སོ་ནམ་པ་ཚུ་ ལཱ་ཁག་བཏང་སྟེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

་༉ པདྨ་དགའ་ཚལ་ ཕྱི་མུང་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་ ཨ་ཝ་ཤིང་ཟེར་ས་ལས་ སོ་ནམ་གྱི་ཐོན་སྐྱེད་འདི་ཚུ་ ལོག་སྟེ་ར་ ཁོང་རའི་བརྒལ་ཏོག་གུ་འབག་སྟེ་ སྐྱེལ་འདྲེན་འབད་ནི་འགོ་བཙུགས་ཏེ་འདུག

འདི་ཡང་ ཁོང་གི་ས་ཞིང་དང་ རྒེད་འོག་ལྟེ་བའི་བར་ན་ འཁོར་ལམ་ཀི་ལོ་མི་ཀྲར་༥་འབད་མི་འདི་ ཆརཔ་རྐྱབ་མི་ལུ་བརྟེན་ ས་གནས་ཁག་མང་རབས་ཅིག་ནང་ མེདཔ་ཐལ་ཏེ་ ལག་ལེན་འཐབ་མ་བཏུབ་སྦེ་ འགྱོ་སྟེ་ཡོད་མི་ལུ་བརྟེན་ཨིན་མས།

མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ ཨ་ཝ་ཤིང་ལུ་ ལམ་བཏོན་པའི་ཤུལ་ ཁོང་ཆ་ཁྱབ་ཀྱིས་ ས་ཞིང་འདི་ཚུ་ ཟ་སྤྱོད་འབད་བཏུབ་སྦེ་བཟོ་ཞིན་ན་ ཨེ་མ་དང་གཞན་མི་ཚོད་བསྲེ་གི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་མས།

ཨིན་རུང་ ད་རེས་ ཚོད་བསྲེ་འདི་ཚུ་བསྡུ་དོ་ཡོད་རུང་ ལམ་མེདཔ་ཐལ་ཏེ་ཡོད་མི་ལས་བརྟེན་ སྐྱེལ་འདྲེན་འབད་ནི་ནང་ གདོང་ལེན་སྦོམ་སྦེ་རང་འབྱུང་སྟེ་ཡོདཔ་ལས་ ཉེ་འདབས་ཀྱི་སློབ་གྲྭ་ཚུན་ཚོད་རང་ བཙོང་པར་འབག་འགྱོ་མ་ཚུགས་པར་ཡོད་ཟེར་བཤད་ཅི།

འདི་ལུ་ ཕྱི་མུང་རྒཔོ་ ཡེ་ཤེས་དབང་འདུས་ཀྱིས་སླབ་མི་ནང་ འཁོར་ལམ་འདི་ ད་རེས་ཟླཝ་གི་བདུན་ཕྲག་དང་པ་ནང་ལུ་ ཉམས་བཅོས་འབད་ནིའི་དོན་ལས་ མ་དངུལ་ཚུ་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་མས།

ད་རུང་ རྒཔོ་དང་འཁྲིལ་བ་ཅིན་ ཨ་བ་ཤིང་དང་ ཕྱི་མུང་རྒེད་འོག་གི་བར་ནའི་ལམ་འདི ད་རེས་ ས་གནས་ཁག་གསུམ་གྱི་ནང་ལུ་ སེལ་དགོཔ་ཡོད་ཟེར་བཤད་ཅི།

ཨིན་རུང་ ལམ་འདི་ མགྱོགས་པ་རང་སེལ་འབྱིན་པའི་རེ་བ་བསྐྱེད་དེ་ མི་སེར་སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ བསྡུཝ་བསྡུ་ས་ར་ཡོདཔ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ འཕྲིན་ལས་རྡོ་རྗེ།

པདྨ་དགའ་ཚལ།