གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

བུམ་ཐང་ལུ་ འབུཔ་འཐུ་བར་འགྱོ་མི་ཚུ་གིས་ ཕྱགས་སྙིགས་ཚུ་ཡང་ བསྡུ་འབག་འོང་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ བུམ་ཐང་རྫོང་ཁག་ནང་ལས་ དབྱར་རྩྭ་དགུན་འབུཔ་འཐུ་བ་འགྱོ་མི་ཚུ་ ད་རེས་ ལ་ཁ་ལས་ ཁྱིམ་ནང་ལོག་དོ་ཡོདཔ་ད་ ཁོང་ཆ་ཁྱབ་དང་གཅིག་ཁར་ དབྱར་རྩྭ་དགུན་འབུཔ་རྐྱངམ་གཅིག་གི་མ་དོ་བར་ ཁོང་རའི་ཕྱགས་སྙིགས་ཚུ་ཡང་ སྣང་སྲིད་འཕེལ་ཚུན་ཚོད་ བསྒྱོམ་འབག་འོང་དོ་ཡོདཔ་ཨིན་མས།

དབང་འཛིན་ཚུ་གིས་ འབུཔ་འཐུ་བར་འགྱོ་མི་ཚུ་ལུ་ འབུབ་འཐུ་སའི་ས་གོ་ནང་ལས་ ལོག་འོང་པའི་སྐབས་ རུལ་མ་བཏུབ་པའི་ཕྱགས་སྙིགས་ ཉུང་ཤོས་རང་ ཀེ་ཇི་༥ ཨིན་ཅི་མིན་ཅི་རང་ འབག་འོང་དགོཔ་སྦེ་ བཟོ་ནུག

ལམ་ལུགས་འདི་ ངེས་བརྟན་བཟོ་ནི་གི་དོན་ལུ་ དབང་འཛིན་ཚུ་གིས་ འབུཔ་འཐུ་མི་རེ་ལས་ ཉེན་སྲུང་གི་མ་དངུལ་ དངུལ་ཀྲམ་སྟོང་ཕྲག་རེ་ བསྡུ་བཞག་སྟེ་ཡོདཔ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ འབུཔ་འཐུ་མི་དང་ཅིག་ཁར་ ཕྱགས་སྙིགས་ཚུ་ཡང་བསྒྱོམ་ནི་འདི་ མཐའ་འཁོར་ཧིང་སངས་སང་སྦེ་བཞག་ཚུགས་ནི་ནང་ ཕན་ཐོགས་འབྱུང་མི་གི་མ་དོ་བར་ ལ་ནོར་ཚུ་ལུ་ཡང་ ཕན་ཐོགས་འདུག་ཟེར་བཤད་ཅི།

འདི་ཡང་ མི་ཚུ་འབུཔ་འཐུ་ནི་གི་དོན་ལས་ སྒར་བཅག་མི་གི་ས་ཁོངས་འདི་ ལ་ནོར་ཚུ་འཁྱམ་ས་ཅིག་འབདཝ་ལས་ ཕྱགས་སྙིགས་ག་ལྷོད་བཀོ་བཞག་པའི་བསྒང་ལས་ ནོ་གི་ཕོཝ་ནང་ལུ་ཚུད་དེ་ ནད་གཞི་ཐོབ་ནི་དང་ ཤི་རྐྱེན་འབྱུང་ནི་གི་ཉེན་ཁ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ཨིན་རུང་ རྒྱགས་སྐལ་དང་གཞན་མི་བཟའ་འཐུང་གི་ཕྱགས་སྙིགས་ཚུ་གིས་ ཀེ་ཇི་༢དེ་རེ་ཡང་ཐོན་པ་ལུ་ལཱ་ཁག་བཏང་དོ་ཡོདཔ་སྦེ་ཨིནམ་མ་ཚད་ ཧེ་མ་གི་ཕྱགས་སྙིགས་ཚུ་བསྡུ་རུང་རང་ ཀེ་ཇི་ལྔ་བཟོ་བ་ལུ་ ལཱ་ཁག་འདུག་ཟེར་བཤད་ཅི།

འདི་ལུ་ བུམ་ཐང་རྫོང་བདག་དང་ ཆོས་འཁོར་རྒཔོ་གིས་བཀོད་མི་ནང་ ཕྱགས་སྙིགས་ མང་སུ་ཅིག་སྦེ་ བསྒྱོམ་འབག་འོང་དགོཔ་སྦེ་བཟོ་མི་འདི་ཡང་ འབུཔ་འཐུ་སའི་ས་ཁོངས་ནང་ ཧེ་མ་ལས་ འབུཔ་འཐུ་མི་ཁོང་ར་གིས་ ག་ཐོབ་ས་ལས་ཕར་ བཀོག་ཡོད་པའི་ཕྱགས་སྙིགས་ཚུ་ འབག་འོང་བཅུག་ནི་གི་ཐབས་ལུ་ཨིན་ཟེར་བཤད་ཅི།

ད་རུང་ བུམ་ཐང་རྫོང་བདག་དང་ དབང་ཕྱུག་རྒྱལ་ཡོངས་བརྒྱ་འཁོར་གླིང་གའི་ ནགས་ཚལ་གཙོ་འཛིན་འགོ་དཔོན་གྱི་སླབ་མི་ནང་ འབུཔ་འཐུ་སའི་ས་གོ་ཚུ་ ག་དེ་ཅིག་ ཧིང་སངས་ས་འགྱོ་ཡོདཔ་ཨིན་ན་ བརྟག་ཞིབ་འབད་བའི་ཤུལ་ལུ་ སང་ཕོད་ ཕྱགས་སྙིགས་འབག་འོང་ནི་གི་ཚད་གཞི་འདི་ མར་ཕབ་འབད་འོང་ཟེར་ཨིན་མས།

ཉེན་སྲུང་གི་མ་དངུལ་བཙུགས་མི་འདི་ དུས་ཅི་ སྤྱི་ཟླ་༧ པའི་ སྤྱི་ཚེས་༥ ལུ་ འབུཔ་འཐུ་ནི་གི་ དུས་ཚོད་མཇུག་བསྡུ་བའི་སྐབས་ ལོག་སྤྲོད་ནི་སྦེ་འདུག

ཨིན་རུང་ ཆོས་འཆོར་རྒཔོ་གིས་སླབ་མི་ནང་ ཉེན་སྲུང་གི་མ་དངུལ་ བཏོག་ནི་གི་ལམ་ལུགས་འདི་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ མ་དངུལ་བཏོག་མི་འདི་ རྒེད་འོག་གི་རྩིས་ཁྲ་ནང་ལུ་ བཙུགས་བཞག་འོང་ཟེར་བཤད་ཅི།

འབུཔ་འཐུ་མི་ཚུ་གིས་ ཕྱགས་སྙིགས་ལངམ་སྦེ་ འབག་མ་འོང་པ་ཅིན་ ཕྱགས་སྙིགས་ཀེ་ཇི་རེ་ ཆད་མི་ལུ་ དངུལ་ཀྲམ་༢༠༠ རེ་ བཏོག་བཞག་ནི་ཨིན་མས།

རྒེད་འོག་ཡིག་ཚང་གིས་ འབུཔ་འཐུ་མི་ཚུ་ལས་ བསྡོམས་ཀྱི་དངུལ་ཀྲམ་འབུམ་༦ དང་སྟོང་ཕྲག་༥༥ ཉེན་སྲུང་གི་མ་དངུལ་སྦེ་ བསྡུ་ལེན་འབད་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ ལོག་པའི་ལམ་ཁར་ ཁག་ཐང་ཞིབ་དཔྱད་སྒོ་ར་ནང་ལུ་སྦེ་ ནད་ཡམས་ཀོ་ཝིཊ-19 ཡོད་མེད་ཚུ་ བརྟག་དཔྱད་འབད་དོ་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་ག་དེ་རེ་ འབག་འོང་ཡོདཔ་ཨིན་ན་ཚུ་ཡང་ ཐོ་བཀོད་འབད་དེ་བཞགཔ་ཨིན་མས།འདི་ཡང་ བུམ་ཐང་ལུ་ཡོད་མི་ དབང་འཛིན་ཚུ་གིས་ དུས་ཅི་ལས་འགོ་བཙུགས་ཏེ་ ལམ་ལུགས་གསརཔ་ཅིག་ འགོ་བཙུགས་མི་དང་ འཁྲིལ་ཏེ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ སྐྱིདཔ་བཅུ།

བུམ་ཐང་།