གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

བཟོ་སྐྲུན་གྱི་ལས་ཚན་ནང་ལུ་ གཡོག་གི་གོ་སྐབས་ལེན་ནི་གི་ ལྷན་ཐབས་ལས་འགུལ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་འོག་ལུ་ ལཱ་འབད་ནི་གི་དང་འདོད་ཡོད་མི་ཚུ་ལུ་ ད་ལས་ཕར་ གཞུང་གིས་ དགོངས་ཞུའི་ཐོབ་ལམ་དང་ གླ་ཆ་ཚུ་ འོས་འབབ་དང་ལྡན་ཏོག་ཏོ་སྦེ་བྱིན་ནི་ཨིན་མས།

འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་འདི་ དཔལ་འབྱོར་འབྱུང་རིམ་འཆར་གཞི་གི་འོག་ལུ་ རྒྱལ་ཁབ་ནང་ གཡོག་མ་ཐོབ་པའི་གནད་དོན་དང་ ད་རེས་ ནད་ཡམས་ཁྱབ་སྤེལ་འགྱོ་བའི་དུས་ཚོད་ཁར་ ལས་མིའི་དཀའ་ངལ་སེལ་ནི་གི་ ཆ་ཤས་གཙོ་བོ་ཅིག་ཨིན་མས།

འདི་དང་གཅིག་ཁར་ ལས་འགུལ་འདི་ཡང་ ད་རིས་ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ དཔལ་འབྱོར་འབྱུང་རིམ་འཆར་གཞི་གི་ཀི་དེབ་དང་གཅིག་ཁར་ འགོ་འབྱེད་མཛད་གནང་ཡི།

བཟོ་སྐྲུན་ལས་ཚན་ནང་ལཱ་འབད་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ འོས་འབབ་དང་ལྡན་པའི་ གླ་ཆ་སྤྲོད་ནི་ཟེར་མི་འདི་ཡང་ ཟླ་རིམ་གྱི་གླ་ཆ་ དངུལ་ཀྲམ་སྟོང་ཕྲག་༡༣་དང་༢༠༠སྤྲོད་ནི་སྦེ་ཡོད་མི་ལུ་ གོཝ་ཨིན་མས།

འདི་ཡང་ ལས་འགུལ་འདི་གི་ལས་རིམ་གྱི་འོག་ལུ་ ཟླ་རིམ་གྱི་དངུལ་ཕོག་ནང་ དགོངས་ཞུའི་ཐོབ་ལམ་ བརྒྱ་ཆ་༡༥་དང་ ཟླ་རིམ་གླ་ཆ་གྱི་ཁ་སྐོང་འཐུས་ བརྒྱ་ཆ་༡༥་རྩིས་ཏེ་སྦེ་ཨིན་མས།

ལས་རིམ་འདི་དང་ སེམས་ཤུགས་ཀྱི་གླ་འཐུས་ལས་བརྟེན་ཏེ་ བཟོ་སྐྲུན་གྱི་ལས་ཚན་ཚུ་ནང་ལས་ཕར་ གཡོག་གི་གནས་སྟངས་ གདམ་ཁ་ཅན་ཅིག་ལུ་ འགྱུར་ཚུགས་པའི་ རེ་བ་སྐྱེདཔ་ཨིན་མས།

འདི་ཡང་ ལས་གཡོག་བློན་པོ་གིས་གསུང་མི་ནང་ ད་ལྟོ་ཚུན་ཚོད་ བཟོ་སྐྲུན་ལས་ཚན་ནང་ལུ་ མི་སྡེའི་ཉེན་སྲུང་དང་ ཐོབ་ལམ་གྱི་ལས་རིམ་ འཇོན་ཐངས་ཅན་ཅིག་སྦེ་མེད་མི་ལུ་བརྟེན་ཏེ་ འབྲུག་མི་ཚུ་གི་ནང་འཁོད་ ལས་ཚན་འདི་ནང་ལུ་ ལཱ་གི་གདམ་ཁ་རྐྱབ་ནི་གི་ཐད་་ཁར་ སེམས་ཤུགས་ཉམས་བཅུག་སྟེ་ཡོདཔ་སྦེ་ཨིན་མས།

འདི་དང་གཅིག་ཁར་ བློན་ཆེན་གྱིས་ ལཱ་གཡོག་འཚོལ་མི་ཚུ་གི་དོན་ལས་ ཡོངས་འབྲེལ་ནང་ལས་ ཐོ་བཀོད་འབད་སའི་མཐུན་རྐྱེན་ཅིག་ཡང་ འགོ་འབྱེད་མཛད་གནང་ཡི།

འདི་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡་དང་ཚག་༠༤བགོ་བཀྲམ་འབད་དེ་ཡོད་མི་དང་བསྟུན་ ད་ལས་ཕར་ བཟོ་སྐྲུན་ལས་ཚན་ནང་ལུ་ ཕྱི་རྒྱལ་ལས་ལོག་མི་དང་ ལཱ་གཡོག་མེད་མི་ སྟོང་ཕྲག་༧ལུ་ གཡོག་གི་གོ་སྐབས་བྱིན་ནི་གི་ དམིགས་གཏད་སྐྱེདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ ནད་ཡམསནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ ལས་དོན་ཚུ་ལུ་ ཐོག་ཕོག་མི་ཚུ་གི་གྲལ་ལས་ གཅིག་ བཟོ་སྐྲུན་གྱི་ནང་ལུ་ ཐོག་སྦོམ་སྦེ་རང་ ཕོག་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ས་མཚམས་ཀྱི་སྒོ་ར་ཚུ་ སྒོ་བསྡམ་པའི་ཤུལ་མ་ རྒྱལ་ཁབ་ནང་ ཕྱིའི་ལས་མི་ཚུ་ འོང་མ་ཚུགས་མི་ལུ་བརྟེན་ བཟོ་སྐྲུན་མང་རབ་ཅིག་ འགོ་བཙུགས་མ་ཚུགས་པར་ཡོད་པའི་ཁར་ ལ་ལོ་ཅིག་ འཚམས་འཇོགས་འབད་དེ་ ལུས་ཡོདཔ་ཨིན་མས།

དུས་ཅི་ སྤྱི་ཟླ་༦་པའི་ནང་འཁོད་ རྒྱལ་ཁབ་ནང་ལུ་ ཕྱིའི་ལས་མི་ སྟོང་ཕྲག་༣༦་མ་ལངམ་ཅིག་ དགོཔ་འཐོན་ཏེ་ཡོད་མི་དང་བསྟུན་ ཕྱིའི་ལས་མི་སྟོང་ཕྲག་༡༤་དང་༥༠༠གིས་ ལང་མ་ཚུགསཔ་ཨིན་མས།

གཞུང་གིས་ ལས་འགུལ་འདི་ནང་ལུ་ ཆུ་དུང་འཐུདཔ་ནི་དང་ གློག་མེ་བཙུགས་ནི་ དེ་ལས་ ཤིང་བཟོ་དང་ རྡོ་བཟོ་ འདི་བཟུམ་སྦེ་ རང་ལུགས་ཀྱི་མཚོན་དང་ ཚ་ལ་རྐྱབ་ནི་གི་ལས་དོན་ དབྱེ་ཁག་༦་སྦེ་ བཟོ་སྟེ་འདུག

ལས་འགུལ་འདི་གི་འོག་ལུ་ ལས་གཡོག་ལྷན་ཁག་གིས་ རིག་རྩལ་ཅན་གྱི་མི་སྟོབས་ཚུ་ ནང་འཁོད་ལས་བཏོན་ཏེ་ བཟོ་སྐྲུན་གྱི་ལས་ཚན་ནང་ལུ་ ལཱ་གཡོག་གི་གོ་སྐབས་ ལེན་ནི་གི་ དང་འདོད་སྐྱེད་ཚུགསཔ་སྦེ་བཟོ་ནི་ལུ་ བརྩོན་ཤུགས་སྐྱེད་ནི་ཨིན་མས།

བསོད་ནམས་དཔལམོ་དང་ ཕུརཔ་རྒྱལམོ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག