གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

མི་དབང་རྒྱལ་སྲས་༢པའི་མཚན་ འཇིགས་མེད་ཨྱོན་དབང་ཕྱུག་མཆོག་ཟེར་གསོལ་གནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡ ༢༠༢༠

༉ ད་རིས་ ཡོངས་གྲངས་ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་གྱི་ཉིནམ་འདི་ཁ་ལུ་ མི་དབང་རྒྱལ་སྲས་༢པའི་མཚན་འདི་ ཨྱོན་དབང་ཕྱུག་མཆོག་ཟེར་ གསོལ་གནང་ཡི།
མི་དབང་རྒྱལ་སྲས་ཀྱི་མཚན་འདི་ འཇིགས་མེད་ཨྱོན་དབང་ཕྱུག་མཆོག་ཟེར་ཞུ་ནི་ཨིནམ་ད་ མི་དབང་རྒྱལ་སྲས་མཆོག་ དུས་ཅི་ སྤྱི་ཟླ་༣་པའི་སྤྱི་ཚེས་༡༩་ལུ་ སྐུ་འཁྲུངས་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ བཀྲིས་ཆོས་རྫོང་ནང་ སྤྲེལ་ཟླ་ཚེས་བཅུ་གི་གསུང་ཆོག་གནང་ས་ལུ་ དབུ་བཞུགས་མཛད་གནང་ཡོདཔ་ད་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་འཇིགས་མེད་ཨྱོན་དབང་ཕྱུག་ སྐུ་ཚད་ཞབས་པད་བརྟན་ཐབས་ལུ་ ཐུགས་སྨོན་ཚུ་ཕུལ་གནང་ཡི།

ལོ་བསྟར་སྤྲེལ་ཟླ་ཚེས་བཅུ་འདི་ སྤྱིར་སེམས་ཅན་ཐམས་ཅད་ སངས་རྒྱས་ཀྱི་གོ་འཕངས་ཐོབ་ནི་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ལུ་ ཞི་བདེ་བྱུང་ཐབས་ལུ་དམིགས་ཏེ་ གནང་དོ་ཡོདཔ་ཨིན་མས།

བློན་ཆེན་གྱི་འགོ་ཁྲིད་ཐོག་ལས་ གཞུང་དང་གྲྭ་ཚང་ དམག་སྡེའི་འཐུས་མི་ཚུ་གིས་ འབྲུག་མི་ཡོངས་ཀྱི་ཧོངས་ལས་ མི་དབང་རྒྱལ་སྲས་མཆོག་ལུ་ སྐུ་གསུང་ཐུགས་ཀྱི་མནྜལ་ཚུ་ ཕུལ་གནང་ཡི།

 

གནས་ཚུལ་བསྡུ་ལེན་པ་ ་ཚེ་རིང་བཟངམོ།

ཐིམ་ཕུག