གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

ད་ལྟོ་ཚུན་ཚོད་ མི་༧༧ལུ་ ནད་གཞི་ཀོ་ཝིཊ་ནའིན་ཊིན་ཐོབ་སྟེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༢༠

༉ ཁ་ཙ་ དུས་ཡུན་ཆུ་ཚོད་༢༤་ནང་ལུ་ ད་རུང་ མི་གཅིག་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་ཡོདཔ་སྦེ་བརྟག་དཔྱད་འབྱུང་བའི་ཤུལ་ ད་རེས་ རྒྱལ་ཁབ་ནང་ལུ་ མི་༧༧་ལུ་ ནད་གཞི་འདི་ཐོབ་སྟེ་ཡོདཔ་ཨིན།

ནད་གཞི་ཐོབ་མི་ནདཔ་འདི་ཡང་ འཕྲལ་ཁམས་ཅིག་ཁར་ མི་ཌིལ་ཨིསཊ་ལས་ལོག་ལྷོད་དེ་ སྤ་རོ་གི་ཟུར་བཞག་ལྟེ་བ་ཅིག་ནང་ལུ་བཞག་ནུག

སྐྱེས་ལོ་༢༩་ལང་མི་ཕོ་སྐྱེས་འདི་ཡང་ ཁ་ཙ་ ཐིམ་ཕུག་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ནང་ལུ་ དཔེ་ཚད་༡༩༢་ཞིབ་དཔྱད་འབད་མི་ཚུ་གི་གྲལ་ཁར་ གཅིག་ཁོ་ཨིནམ་ད་ ཁོ་ལུ་ནད་གཞི་འདི་ཐོབ་སྟེ་ཡོདཔ་སྦེ་བརྟག་དཔྱད་འབད་བའི་ཤུལ་ ནད་ཡམས་འདི་གི་ སྨན་བཅོས་ཁང་མིག་ནང་ལུ་བཀག་ནུག

ད་རེས་ཀྱི་ནདཔ་འདི་རྩིསཝ་ད་ ད་རེས་ སྨན་བཅོས་ཁང་མིག་འདི་ནང་ལུ་ ནདཔ་༡༦་སྨན་བཅོས་འབད་དོ་ཡོདཔ་ཨིན་མས།

གསོ་བའི་ལྷན་ཁག་གི་སྙན་ཞུ་དང་འཁྲིལ་བ་ཅིན་ མི་༧༧་ལུ་ ནད་འབུབ་ཀོ་རོ་ན་ཝའི་རཱས་འདི་ཐོབ་སྟེ་ཡོད་ས་ལས་ མི་༤༤་ནད་གཞི་འདི་ལས་དྲག་སྟེ་ཡོདཔ་སྦེ་ཨིན་མས།

འདི་དང་ཅིག་ཁར་ ནདཔ་གཅིག་ སྨན་བཅོས་འབད་སའི་ཁང་མིག་ནང་ལས་བཏོན་ཏེ་ ནདཔ་སོ་སོ་སྦེ་བཞག་སའི་ཁང་མིག་ནང་ལུ་ བསྐྱལ་ཏེ་ཡོདཔ་ད་ ད་རེས་ ནདཔ་སོ་སོ་སྦེ་བཞག་སའི་ཁང་མིག་འདི་ནང་ལུ་ མི་ངོམ་༡༨་འདུག

ནད་སོ་སོ་སྦེ་བཞག་སའི་ཁང་མིག་འདི་ནང་ལུ་ ནད་ཡམས་ཐོབ་མི་ནདཔ་ཚུ་ ཚར་གཉིས་ནད་གཞི་མེདཔ་སྦེ་འཐོན་པའི་ཤུལ་ བདུན་ཕྲག་གཉིས་ཀྱི་རིང་ལུ་ ལྟ་རྟོག་འབད་དེ་བཞགཔ་ཨིན་མས།

འདི་བཟུམ་སྦེ་ ད་རེས་ མི་༨༥༦་རྒྱལ་ཁབ་ནང་འཁོད་ཀྱི་ ཟུར་བཞག་ལྟེ་བ་ཚུ་ནང་ལུ་ བཞག་སྟེ་ཡོདཔ་ཨིན།

ད་རུང་ གསོ་བའི་ལྷན་ཁག་གིས་ འབྲུག་མི་ག་ར་དང་ སྤྱིར་བཏང་ ལྷོ་ཕྱོགས་ཀྱི་ས་མཚམས་ཁྲོམ་ཁར་སྡོད་མི་ཚུ་གིས་ མི་འཛོམས་པའི་སྐབས་ལུ་ བར་ནང་ལུ་ ས་སྟོང་བཞག་ནི་དང་ གཙང་སྦྲ་འཕྲོད་བསྟེན་བཏོན་ནི་ དེ་ལས་ གློ་འཁོག་བའི་སྐབས་ལུ་ ཚུལ་ད་མཐུནམ་སྦེ་ ལག་ལེན་འཐབ་དགོཔ་སྦེ་ཞུ་བ་འབདཝ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ནད་གཞི་འདི་ ནང་འཁོད་ལུ་ཁྱབ་སྤེལ་འགྱོ་སྟེ་མེདཔ་ལས་ ནད་གཞི་འདི་གི་གནས་ཚད་དེ་ ཚོས་གཞི་ལི་ཝང་ནང་ལུ་ར་ཡོདཔ་ཨིན།

 

གནས་ཚུལ་བསྡུ་ལེན་པ་ པ་སངས་རྡོ་རྗེ།

ཐིམ་ཕུག