སྐྱིད་སྡུག་གསོ་བའི་སྡེ་ཚན་ སྤ་རོ་ལུ་ཡོདཔ།
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠༉ ཨ་རྟགས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་ཕར་འགྱོ་ཞིན་ན་ མི་ཚུ་ལུ་གསོ་བའི་ཞབས་ཏོག་བྱིན་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་གསོ་བའི་སྡེ་ཚན་འདི་ ད་རེས་སྐབས་ཅིག་ སྤ་རོ་སྨན་ཁང་ནང་ལུ་ གཞི་ཆགས་ཏེ་སྡོད་ནུག
སྡེ་ཚན་འདི་ ག་དེམ་ཅིག་སྦེ་ རྒྱལ་ཁབ་ནང་ལུ་ ནད་ཡམས་ ཀོ་ཝིཌ་-19 གི་ གནས་སྟངས་ སྐྱོ་སུ་འགྱོ་བ་ཅིན་ རྒྱབ་རྟེན་གྱི་གསོ་བའི་སྡེ་ཚན་སྦེ་ བཞག་བཞགཔ་ཨིན་མས།
ཨིན་རུང་ ཟླཝ་༢་དེ་ཅིག་གི་ནང་འཁོད་ སྡེ་ཚན་འདི་གིས་ ནདཔ་སྟོང་ཕྲག་ཕྱེད་ད་༤་ལྷགཔ་ཅིག་ལུ་ གསོ་བའི་ཞབས་ཏོག་ཚུ་བྱིན་ནུག
རྒྱལ་ཁབ་ནང་འཁོད་ལུ་ ག་དེམ་ཅིག་སྦེ་ ནད་ཡམས་ ཀོ་ཝིཌ-19 ཁྱབ་སྤེལ་འགྱོ་སྟེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ དལ་ཁོམས་མེདཔ་སྦེ་འཐོན་སོང་པ་ཅིན་ མི་ཚུ་ལུ་ དུས་རྒྱུན་གྱི་གསོ་བའི་ཞབས་ཏོག་འདི་ སྐྱིད་སྡུག་གསོ་བའི་སྡེ་ཚན་གྱིས་བྱིན་ནི་ཨིན་མས།
སྡེ་ཚན་འདི་ ཡང་ཅིན་ཐིམ་ཕུག་ལུ་སྤོ་ནི་ཨིནམ་དང་ དེ་མེན་པ་ཅིན་ སྤ་རོ་ལུ་ར་སྡོད་ནི་ཨིན་མས།
སྡེ་ཚན་འདི་ནང་ལུ་ མཁས་མཆོག་༥་རྩིས་ཏེ་ འཐུས་མི་༡༥་ཡོདཔ་ད་ མཁས་མཆོག་ཚུ་ཡང་ མོ་ནད་མཁས་མཆོག་དང་ གསོ་བའི་མཁས་མཆོག་ དེ་ལས་ ཨ་ལོའི་མཁས་མཆོག་དང་ གཤག་བཅོས་མཁས་པ་ རུས་ཚིག་མཁས་པ་ཚུ་ཨིནམ་ད་ སྡེ་ཚན་འདི་ལུ་ གཤག་བཅོས་ཀྱི་རྒྱབ་རྟེན་སྡེ་ཚན་གཅིག་ཡང་ཡོདཔ་ཨིན་མས།
སྤ་རོ་ལུ་སྡོད་པའི་རིང་ སྡེ་ཚན་འདི་གིས་ ད་ལྟོ་ཚུན་ཚོད་ གཤག་བཅོས་༢༠༠་དེ་ཅིག་ འགོ་འདྲེན་འཐབ་ནུག
ད་རེས་ སྡེ་ཚན་འདི་ སྤ་རོ་ལུ་ཡོད་མི་དང་འབྲེལ་ སྤ་རོ་ལུ་སྡོད་མི་ཚུ་གིས་ཡང་ གོ་སྐབས་ལེན་ཏེ་སྦེ་ གསོ་བའི་ཞབས་ཏོག་ཚུ་ ལེན་དོ་ཡོདཔ་ཨིན་མས།
སྡེ་ཚན་འདི་གིས་ ནད་ཡམས་ཀྱི་བྱེལཝ་ མཇུག་མ་བསྡུ་ཚུན་ཚོད་ ད་རེས་ཀྱི་འགན་ཁུར་འདི་ འབག་སྟེ་སྡོད་ནི་ཨིནམ་ད་ གནས་སྟངས་འདི་ ཨ་རྟག་ཧ་ལུགས་འགྱོ་ཞིནམ་ལས་ སྡེ་ཚན་འདི་གིས་ ཧེ་མ་བཟུམ་སྦེ་ར་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་འགྱོ་ཞིན་ན་ གསོ་བའི་ཞབས་ཏོག་ཚུ་བྱིན་ནི་ཨིན་མས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་གསོ་བའི་སྡེ་ཚན་འདི་ རྒྱལ་ས་ལས་ ས་ཐག་རིང་ས་སྡོད་མི་ མི་ཚུ་ལུ་ གསོ་བའི་མཁས་མཆོག་གི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་སྦེ་བཟོ་ཐབས་ལུ་ མི་དབང་མངའ་ཞབས་མཆོག་གི་ བཀའ་རྒྱ་གནངམ་བཞིན་དུ་ སྤྱི་ལོ་༢༠༠༩་ལུ་ གཞི་བཙུགས་འབད་ཡོདཔ་ཨིན།
རྒྱང་བསྒྲགས་དང་མཐུད་འབྲེལ།