གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

བཀྲིས་གཡང་རྩེ་ བྱང་ཕུག་རྩེ་ལུ་ འཁོར་ལམ་མེད་རུང་ འཕྲུལ་གླང་ཚུ་སྤྱོད་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ བཀྲ་ཤིས་གཡང་རྩེ་རྫོང་ཁག་ནང་ མཐའ་ཟུར་གྱི་སྤྱི་འོག་ཅིག་ཨིན་མི་ བྱང་ཕུག་རྩེ་སྤྱི་འོག་ནང་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་ནི་གི་དོན་ལུ་ དུས་ཚོད་འགོར་ནི་བཟུམ་ཅིག་ཡོདཔ་ཨིན་རུང་ ས་གནས་འདི་ཁའི་མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་ཚུ་ དེང་སང་གི་འཕྲུལ་རིག་ཚུ་ལག་ལེན་འཐབ་སྟེ་ འབད་ཚུགས་ཏེ་འདུག

འདི་ཡང་ འདས་པའི་ལོ་ ༣ གྱི་ཧེ་མ་ལས་ སྤྱི་འོག་འདི་ནང་ འཕྲུལ་གླང་ཚུ་ལྷོད་དེ་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་གིས་ ད་རེས་ནངས་པ་ ཞིང་རྨོ་ནི་གི་དོན་ལུ་ ཧེ་མ་བཟུམ་སྦེ་ གླང་ཚུ་ གཡོག་བཀལ་དགོཔ་མི་འཐོན་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་རེས་ གཡུས་ཚན་འདི་ནང་ འཁོར་ལམ་སེལ་ཏེ་མེདཔ་ལས་ མི་སེར་ཚུ་གིས་ འཕྲུལ་གླང་ཚུ་ཡང་ ཁོ་རང་གིས་འབག་སྟེ་ བསྐྱལ་དགོཔ་འཐོན་ཏེ་ཡོདཔ་ད་ གཡུས་ཚན་འདི་ནང་ལྷོད་ལྷོད་ སྟོད་མཚོ་རྒེད་འོག་ལྟེ་བའི་ལམ་ཁ་ལས་ རྐང་སྟོངསྦེ་ དུས་ཡུན་ཆུ་ཚོད་ ༤ དེ་ཅིག་ འགོར་དོ་ཡོདཔ་ཨིན་མས།

མི་སེར་ཚུ་གིས་བཀོད་མི་ནང་ འཕྲུལ་གླང་ཚུ་ལས་བརྟེན་ཏེ་ ཟ་སྤྱོད་མ་འབད་བར་ལུས་མི་ས་གཞི་ཚུ་ཡང་ ཟ་སྤྱོད་འབད་ཚུགས་ཏེ་ཡོདཔ་མ་ཚད་ སོ་ནམ་གྱི་ལཱ་ཚུ་ཡང་ ཚོང་འབྲེལ་འཐབ་ནི་གི་དོན་ལུ་ རྒྱ་ཆེཝ་སྦེ་རང་ འབད་ཚུགས་ཏེ་ཡོད་ཟེར་བཤད་ཅི།

ད་རེས་ གཡུས་ཚན་འདི་ནང་ འཕྲུལ་གླང་ལག་ལེན་འཐབ་མི་ ལེ་ཤ་ཡོད་མི་དང་བསྟུན་ སོ་ནམ་པ་ལ་ལུ་ཅིག་གིས་ འཕྲུལ་གླང་ཉོ་ནི་གི་དོན་ལུ་ ཟད་འགྲོ་ཚུ་བཏང་སྟེ་ཡོདཔ་མ་ཚད་ གླ་ཁར་བཏང་ནི་ཡང་ འགོ་བཙུགས་ཏེ་འདུག

ཁོང་ཆ་ཁྱབ་ཀྱིས་ འཕྲུལ་གླང་འདི་ གླ་ཁར་བཏང་པའི་སྐབས་ ཉིནམ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་ཕྱེད་ད་ ༢ དེ་རེ་ སླབ་དོ་ཡོདཔ་ད་ གཞུང་གིས་ བཀྲམ་སྤེལ་འབད་མི་ འཕྲུལ་གླང་ལུ་ཨིན་པ་ཅིན་ དུས་ཡུན་ཆུ་ཚོད་རེ་ནང་ དངུལ་ཀྲམ་ ༡༣༠ དེ་རེ་ ལེན་དོ་ཡོདཔ་ཨིན་མས།

སྤྱི་འོག་འདི་ནང་ འཕྲུལ་གླང་ལག་ལེན་འཐབ་ནི་འདི་ ཡོངས་གྲགས་འཐོན་དོ་ཡོད་མི་དང་བསྟུན་ འཕྲལ་ཁམས་ཅིག་ཁར་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ འཕྲུལ་གླང་ ༣ བྱིན་ཏེ་འདུག

ད་རེས་ བྱང་ཕུག་རྩེ་སྤྱི་འོག་ནང་ འཕྲུལ་གླང་ ༩ ཡོདཔ་ད་ འདི་ཚུ་གི་གྲལ་ལས་ ༥ འདི་ཨིན་པ་ཅིན་ སྒེར་གྱི་འཕྲུལ་གླང་ཚུ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དར་རྒྱས།

བཀྲིས་གཡང་རྩེ།