གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ཀུན་དགའ་རབ་བརྟན་སྨད་ལུ་ སོ་ནམ་ཞིང་ལམ་སེལ་བའི་བསྒང་ཡོད་མི་ལུ་བལྟ་སྟེ་ མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༠ ༢༠༢༠

༉ ཀྲོང་གསར་རྫོང་ཁག་ ཀུན་དགའ་རབ་བརྟན་སྨད་ལུ་ ད་རེས་ སོ་ནམ་ཞིང་ལམ་གཅིག་སེལ་བའི་བསྒང་རང་ཡོད་མི་འདི་གིས་ ས་གནས་འདི་ནང་ ཟ་སྤྱོད་མ་འབད་བར་བཞག་སྟེ་ཡོད་མི་ ཆུ་ཞིང་ཨེ་ཀར་བརྒྱ་ལས་བཅད་དེ་ ལོག་སྟེ་རང་ ཟ་སྤྱོད་འབད་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས།

ཨིན་རུང་ ས་ཆའི་ཇོ་བདག་ལ་ལུ་ཅིག་འབད་བ་ཅིན་ འཁོར་ལམ་སེལ་སའི་ས་སྒོ་འདི་ ཁོང་རའི་སྒེར་གྱི་ས་ཆ་ནང་ཚུད་དེ་ཡོད་མི་ལུ་བརྟེན་ སེམས་དང་མ་ལྡན་པར་ཡོདཔ་ལས་ འཁོར་ལམ་འདི་ ཁོང་རའི་ས་ཞིང་ཚུ་བརྒྱུད་དེ་སེལ་བཅུག་ནི་ནང་ དང་འདོད་མི་བསྐྱེད་དོ་ཡོདཔ་ཨིན་པས།

འདི་ཡང་ ཀི་ལོ་མི་ཊར་ ༣ འབད་མི་ སོ་ནམ་ཞིང་ལམ་འདི་ལས་བརྟེན་ ཁོང་རའི་ཆུ་ཞིང་གི་ཆ་ཤས་དག་པ་ཅིག་ མེདཔ་བཏང་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ རྒུད་འཐུས་དང་ ཡང་ན་ ས་ཚབ་ལ་སོགས་པ་ཚུ་ ག་ནི་ཡང་མི་ཐོབ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།

འདི་འབདཝ་ལས་ འཁོར་ལམ་ལས་བརྟེན་ གནོད་པ་འབྱུང་མི་ས་ཆའི་ཇོ་བདག་ཚུ་གིས་བཀོད་མི་ནང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཁོར་ལམ་སེལ་སའི་ས་སྒོ་འདི་ འགྱུར་བཅོས་འབད་དགོཔ་སྦེ་ཨིནམ་ད་ དེ་མེན་པ་ཅིན་ གནད་དོན་འདི་ ཁྲིམས་ཀྱི་འདུན་སར་བཀལ་འོང་ཟེར་ཨིན་པས།

ད་རུང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ སོ་ནམ་ཞིང་ལམ་འདི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་མི་དང་བསྟུན་ འཁོར་ལམ་སེལ་ནི་གི་དོན་ལུ་ གཞན་མི་ས་སྒོ་ལེ་ཤ་ཅིག་ཡོད་རུང་ཡང་ གྲོས་བསྟུན་ག་ནི་ཡང་མ་འབད་བར་ ཆུ་ཞིང་གི་སྦུག་ནང་ལས་རང་སེལ་མི་ལུ་བལྟ་སྟེ་ སེམས་དང་མ་ལྡན་ཟེར་ཨིན་པས།

འདི་ལུ་ བྲག་སྟེང་རྒེད་འོག་གི་དམངས་མི་ ཀརྨ་རྡོ་རྗེ་གིས་བཤད་མི་ནང་ དེ་སྦེ་ཐག་བཏོག་མི་འདི་ཡང་ ན་ཧིང་ འཁོར་ལམ་སེལ་ནི་གི་དོན་ལུ་ ས་ཆའི་བརྟག་ཞིབ་གཅིག་ འགོ་འདྲེན་འཐབ་མི་དང་འཁྲིལ་ཏེ་ ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་བཀོད་མི་ནང་ གནད་དོན་འདི་གི་སྐོར་ལས་ ས་གནས་ཀྱི་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་གི་དོན་ལུ་ རྒེད་འོག་ཡིག་ཚང་ནང་འཛོམས་པའི་སྐབས་ ཁོང་གི་ཁ་ཐུག་ལས་ཡང་ ངོས་ལེན་འབད་མི་དང་བསྟུན་ ལག་ཐི་ཚུ་ཡང་རྐྱབ་སྟེ་ཡོད་ཟེར་ཨིན་པས།

སོ་ནམ་ཞིང་ལམ་འདི་ཡང་ དུས་ཅི་ སྤྱི་ཟླ་ ༧ པའི་ཧེ་མ་ལས་ སེལ་ཚར་ནི་ཨིན་མི་དང་བསྟུན་ སོ་ནམ་པ་ལ་ལུ་ཅིག་གིས་ སོ་ནམ་གྱི་ལཱ་ཚུ་ འཕྲུལ་རིག་ཚུ་ལག་ལེན་འཐབ་སྟེ་འབད་ནི་ལུ་ བལྟ་བའི་བསྒང་རང་འདུག

སོ་ནམ་ཞིང་ལམ་འདི་ ཚར་གཅིག་ སེལ་ཚར་བའི་བསྒང་ལས་ ཀེ་ལ་གཡུས་ཚན་གྱི་སོ་ནམ་ཞིང་ལམ་དང་གཅིག་ཁར་ མཐུད་འབྲེལ་འབད་ཚུགས་ནི་ཨིནམ་ལས་ ཀེ་ལ་དང་ཀུན་དགའ་རབ་བརྟན་གྱི་བར་ན་ འགྲོ་འགྲུལ་གྱི་དུས་ཡུན་འདི་ ཆུ་ཚོད་དག་པ་ཅིག་གིས་ མར་ཕབ་འགྱོ་ནི་ཨིན་པས།