གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ནད་ཡམས་ཀོ་ཝིཌ་ནའིན་ཊིན་བཀག་ནི་ནང་ གདོང་ཁར་འཐོན་ཏེ་ཕྱག་ཞུ་མི་ཚུ་ལུ་ ཚེ་སྲོག་ཉེན་བཅོལ་གྱི་ཞབས་ཏོག་ཚུ་ སྟོང་པ་སྦེ་བྱིན་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༢༠ ༢༠༢༠

༉ ད་རེས་ནངས་པ་ འབྲུག་མི་སྟོང་ཕྲག་བཅད་མི་ཚུ་གིས་ འཛམ་གླིང་ནང་ མགྱོགས་དྲགས་སྦེ་ཁྱབ་སྤེལ་འགྱོ་མི་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་བཀག་ནི་གི་དོན་ལུ་ ཉེན་ཁ་ཚུ་འབག་སྟེ་ གདོང་ཁར་འཐོན་བཞིན་ན་ ཕྱག་ཞུ་བའི་བསྒང་རང་ཡོདཔ་ཨིན།

འདི་འབདཝ་ལས་ ཁོང་ཆ་ཁྱབ་ལུ་ ངལ་རངས་དང་དགའ་ཚོར་གྱི་ཚུལ་སྦེ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱིས་ ཚེ་སྲོག་ཉེན་བཅོལ་གྱི་ཞབས་ཏོག་ཚུ་ རིན་མེད་སྟོང་པ་སྦེ་བྱིན་དོ་ཡོདཔ་ཨིན་པས།

ནད་ཡམས་འདི་བཀག་ནི་ནང་ གདོང་ཁར་འཐོན་ཏེ་ལཱ་འབད་མི་ཚུ་ལུ་ སྤྱི་ཟླ་ ༣ པ་ལས་འགོ་བཙུགས་ཏེ་ ཟླ་ངོ་ ༦ གི་རིང་ལུ་ ག་དེ་ཅིག་སྦེ་ ཚེ་སྲོག་ལུ་བར་ཆད་རེ་འབྱུང་པ་ཅིན་ ཚེ་སྲོག་ཉེན་བཅོལ་སྦེ་ དངུལ་ཀྲམ་འབུམ་གཅིག་ རིན་མེད་སྟོང་པ་སྦེ་བྱིན་ནི་ཨིན་པས།

ཨིན་རུང་ ནད་ཡམས་ཀྱི་གནས་སྟངས་འདི་ ཡར་དྲག་མ་འགྱོ་བ་ཅིན་ དུས་ཡུན་འདི་ ཡར་སེང་འབད་ནི་ཨིན་པས།

འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཀརྨ་གིས་བཤད་མི་ནང་ གདོང་ཁར་འཐོན་ཏེ་ལཱ་འབད་མི་ཚུ་གིས་ ས་མཚམས་ཚུ་ནང་ལས་ཕར་ ཆརཔ་དང་ཉི་མའི་ནང་དཀའ་སྡུག་མྱོང་སྟེ་ ཉིན་ནུབ་མེད་པར་ ཉེན་སྲུང་གི་བལྟ་སྐོར་ཚུ་འབད་དེ་ ཕྱག་ལེགས་ཤོམ་སྦེ་ཞུ་མི་ལུ་ དགའ་ཚོར་བསྐྱེད་དགོཔ་འདུག་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་ལུ་ གདོང་ལེན་འབད་བའི་སྐབས་ ནད་ཡམས་ཐོབ་སྟེ་དང་ ཡང་ན་ རྐྱེན་ངན་རེ་འབྱུང་སྟེ་ ཚེ་སྲོག་ལུ་བར་ཆད་རྐྱབ་པ་ཅིན་ ཉེན་བཅོལ་ལས་རིམ་འདི་གིས་ གདོང་ཁར་འཐོན་ཏེ་ལཱ་འབད་མི་ཆ་མཉམ་ལུ་རང་ འགབ་ཚུགས་ཟེར་ཨིན་པས།

ཨིན་རུང་ ལས་སྡེ་འདི་གིས་བཀོད་མི་ནང་ རིན་མེད་སྟོང་པ་གི་ཚེ་སྲོག་ཉེན་བཅོལ་འདི་ མི་དམངས་ཀྱི་དོན་ལུ་མེན་ཟེར་བཤད་དེ་ཡོདཔ་ཨིན།

ད་རེས་ གདོང་ཁར་འཐོན་ཏེ་ལཱ་འབད་མི་ཚུ་གིས་བཀོད་མི་ནང་ ལས་རིམ་འདི་ལས་བརྟེན་ དཀའ་སྡུག་མྱོང་མི་ལུ་མ་བལྟ་བར་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཕྱིད་གང་དྲག་ཞུ་ནི་ནང་ སེམས་ཤུགས་ཐོབ་སྟེ་ཡོད་ཟེར་བཤད་ཅི།