གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

ཞིང་ཆུའི་ལས་འགུལ་གོ་རིམ་དང་པ་མཇུག་བསྡུ་སྟེ་ཡོད་རུང་ ཕན་ཐོགས་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ བསམ་རྩེ་ ནོར་བུ་སྒང་རྒེད་འོག་ནང་ལུ་ ཐ་རེ་ཁོ་ལ་ཟེར་མི་གཙང་ཆུ་ནང་ལས་ ཆུ་དུང་བཙུགས་ཏེ་ བིམ་ཊར་གཡུས་ཚན་ཚུན་ཚོད་བཏོན་ཏེ་ཡོད་མི་ ཞིང་ཆུ་འདི་གིས་ མི་སེར་ཚུ་ལུ་ ད་ལྟོའི་བར་ན་ཡང་ ཕན་ཐོགས་མ་ཚུགས་པར་འདུག

ཞིང་ཆུ་བཏོན་ནི་གི་ལས་འགུལ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འཛམ་གླིང་དངུལ་ཁང་འོག་གི་ བཟའ་འཐུང་ཉེན་སྲུང་དང་སོ་ནམ་ཐོན་ཁུངས་ལས་འགུལ་གྱི་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

ཀི་ལོ་མི་ཀྲར་༡༠དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད་པའི་ ཐ་རེ་གཙང་ཆུ་ནང་ལས་ ཞིང་ཆུ་བཏོན་ཞིན་ན་ བིམ་ཊར་གཡུས་ཚན་ནང་ལུ་ ཆུའི་རྫིང་བཟོ་ནི་འདི་ ལས་འགུལ་འདི་གི་ ལཱ་གོ་རིམ་དང་པ་ཨིན་མས།

ཨིན་རུང་ རྫིང་འདི་ནང་ལུ་ དུས་ཡུན་མང་ཤོས་ཅིག་རང་ ཆུ་མ་ལྷོད་པར་ སྐམ་ཀྲོག་ཀྲ་སྦེ་རང་ སྡོད་དོ་ཡོདཔ་ལས་ མི་སེར་ཚུ་ཧ་ལས་དགོཔ་ཐོན་ཏེ་འདུག

འདི་ལུ་ ནོར་བུ་སྒང་རྒཔོ་ ཀུན་བཟང་དབང་འདུས་ཀྱིས་སླབ་མི་ནང་ ཞིང་ཆུ་འདི་ ས་གནས་ ངང་ལ་དྲང་ཟེར་ས་ལུ་ ཆུ་དུང་གི་མཐུད་མཚམས་ཁ་ལས་ བེད་འགྱོ་ནི་འདི་གིས་ འཐོན་འགྱོ་སྟེ་འདུག་ཟེར་བཤད་ཅི།

ཟད་འགྲོ་དངུལ་ཀྲམ་ས་ཡ་༣༧མ་ལངམ་ཅིག་བཏང་ཞིན་ན་འགོ་འདྲེན་འཐབ་མི་ ཞིང་ཆུ་བཏོན་ནི་གི་ལཱ་ གོ་རིམ་དང་པ་མཇུག་བསྡུ་སྟེ་ ད་རེས་འབདཝ་ད་ ཟླཝ་གསུམ་དེ་ཅིག་ལང་སྟེ་འདུག

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ ཞིང་ཆུའི་ལས་འགུལ་འདི་ལུ་ བློ་བདེ་སྟེ་སྡོད་ཡོདཔ་ཨིན་རུང་ ཆུ་ལྷོད་ནི་རང་མེདཔ་ལས་ དུས་ཅི་ཡང་ ཞིང་ཆུ་གི་དོན་ལུ་ ཆར་ཆུ་ལུ་རང་ རེ་སྡོད་དགོཔ་ཐོན་ནི་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཞིང་ཆུ་གི་དཀའ་ངལ་ལས་བརྟེན་ཏེ་ ནོར་བུ་སྒང་གཡུས་ཚན་ནང་ལུ་ ད་ལྟོ་ཚུན་ཚོད་ ས་ཞིང་ཨེ་ཀར་ལས་བཅད་དེ་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་ཏེ་ཡོདཔ་ཨིན་མས།

འཛམ་གླིང་དངུལ་ཁང་འོག་གི་ བཟའ་འཐུང་ཉེན་སྲུང་དང་སོ་ནམ་ཐོན་ཁུངས་ལས་འགུལ་གྱི་ ལས་འགུལ་མདོ་ཆེན་གྱིས་སླབ༌མི༌ནང༌ ལས་འགུལ་འདི་གི་ལཱ་གོ་རིམ་གཉིས་པ་འདི་ ཆུ་དུང་ཐེབ་བཙུགས་ཞིན་ན་ ཆུ་བཀྲམ་སྤེལ་འབད་ནི་འདི་ཨིན་རུང་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་གྱི་གནས་སྟངས་ལས་བརྟེན་ཏེ་ གནས་སྐབས་ཅིག་ བཤོལ་བཞག་དགོཔ་ཐོན་ཏེ་ཡོད་ཟེར་ཨིན་མས།

ཞིང་ཆུའི་ལུས་འགུལ་འདི་ ག་ར་འགོ་འདྲེན་འཐབ་ཚར་བའི་བསྒང་ལས་ འདི་གིས་ རྒེད་འོག་འདི་ནང་གི་སྤྱི་འོག་གསུམ་གྱི་ཁྱིམ་གུང་པ་༣༠༠ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ།

བསམ་རྩེ།