གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

པདྨ་དགའ་ཚལ་ ནོར་བུ་སྒང་ལུ་ ནོར་གྱི་ཆག་སྦེ་ ཨེ་ཟོ་ལ་བཙུགས་ཏེ་་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉རྒྱལ་ཁབ་ནང་གི་མི་སེར་སོ་ནམ་པ་ཡུདཔ་ཅིག་ག་རང་ལུ་ནོར་ལུ་རྩྭ་ཆག་ལངམ་སྦེ་བྱིན་ནི་འདི་གདོང་ལེན་འབྱུང་དོ་ཡོདཔ་ཨིན་རུང་པདྨ་དགའ་ཚལ་རྫོང་ཁག་ནོར་བུ་སྒང་རྒེད་འོག་གི་མི་སེར་ཚུ་ལུ་ད་ལས་ཕར་འདི་བཟུམ་གྱི་དཀའ་ངལ་ཚུ་མི་འཐོན་ནི་ཨིན་པས།

འདི་ཡང་ས་གནས་འདི་ཁའི་མི་སེར་ཚུ་གིས་ ཁྲོམ་ཁ་ལས་ཐོབ་པའི་ཆག་གི་ཚབ་ལུ་ ཨེ་ཟོ་ལ་ཟེར་མི་ རང་བཞིན་གྱི་རྩྭ་ཆག་བཙུགས་ནི་གི་ལཱ་ཚུ་ འབད་ནི་འགོ་བཙུགས་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ སྒོ་ནོར་འགོ་དཔོན་ཚུ་གིས་རྒེད་འོག་འདི་ནང་ཡོད་པའི་ཛམ་བྷ་ལ་སྒོ་ནོར་སྡེ་ཚན་གྱི་འཐུས་མི་ཚུ་ལུ་ རྩྭ་ཆག་བཙུགས་ཐངས་ཀྱི་སྐོར་ལས་ དཔེ་སྟོན་གྱི་ཐོག་ལས་སྟོན་བྱིན་ཡོདཔ་ད་ རྩྭ་ཆག་འདི་ཡང་དབང་འདུས་ཕོ་བྲང་ལུ་ཡོད་པའི་སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་མོ་བཏབ་ཀྱི་ཐོག་ལུ་དུས་ཅི་སྤྱི་ཟླ་དང་པའི་ནང་ལས་བཙུགས་ནི་འགོ་བཙུགས་ནུག

རྩྭ་ཆག་འདི་ཡང་ཆུའི་རྫིང་ནང་ལུ་བཙུགས་དོ་ཡོདཔ་ད་རྩྭ་འདི་ནོར་གྱི་ཆག་སྦེ་ལག་ལེན་འཐབ་བཏུབ་མ་ཚད་མལ་ལུད་སྦེ་ཡང་ལག་ལེན་འཐབ་བཏུབ་ནི་ཨིན་པས།

རྒེད་འོག་སྒོ་ནོར་རྒྱ་སྐྱེད་འགོ་དཔོན་ ལས་སྐྱིད་དབང་ཕྱུག་གིས་བཀོད་མི་ནང་སོ་ནམ་པ་ཚུ་ལུ་ ཨེ་ཟོ་ལ་གི་སོན་ཚུ་རིན་མེད་སྟོང་པ་སྦེ་བྱིན་ནི་ཨིན་རུང་རྫིང་ཚུ་ཨིན་པ་ཅིན་མི་སེར་ཁོང་རང་གིས་སྦེ་བཟོ་དགོ་ཟེར་བཤད་ཅི།

འདི་དང་གཅིག་ཁར་རྒེད་འོག་འདི་ནང་གི་མི་སེར་མང་ཤོས་ཅིག་གིས་རང་རྩྭ་འདི་བཙུགས་ནི་ལུ་ སྤྲོ་བ་བསྐྱེད་དེ་ཡོདཔ་ད་རྒེད་འོག་འདི་ནང་ཁྱིམ་གུང་༥༠༠དེ་ཅིག་ཡོདཔ་ཨིན་པས།