གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

ཡུ་ཨེསི་ལུ་ འབྲུག་མི་གཉིས་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ལས་དྲག་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉ ཡུ་ཨེསི་གི་ཁྲོམ་ཚོགས་ནིའུ་ཡོག་ལུ་སྡོད་མི་ འབྲུག་མི་ ༡༠ ལུ་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ཐོབ་སྟེ་ཡོདཔ་སྦེ་ སྙན་ཞུ་འབད་དེ་ཡོད་ས་ལས་ ད་རུང་རང་ མི་ངོམ་ ༢ དྲག་སྟེ་ཡོད་མི་དང་བསྟུན་ ད་རེས་ འབྲུག་མི་ ༨ འདི་ ནད་ཡམས་འདི་ལས་དྲག་སྟེ་འདུག

འདི་བཟུམ་སྦེ་ གཞན་མི་ནདཔ་ ༢ ཡང་ དྲག་དོ་ཡོདཔ་སྦེ་ཨིནམ་ད་ ནདཔ་གཅིགཔོ་འདི་ ལས་བྱེད་ཚོགས་ཆུང་གིས་ལྟ་རྟོག་འབད་དེ་ ཟུར་བཞག་ལྟེ་བ་ནང་དང་ སོ་སོ་འདི་ཨིན་པ་ཅིན་ ཁྱིམ་ནང་སྦེ་ ཟུར་བཞག་སྟེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཀ་ཊར་ལུ་སྡོད་མི་ འབྲུག་མི་གཅིག་ལུ་ ནད་ཡམས་འདི་ཐོབ་སྟེ་ཡོདཔ་སྦེ་ གཏན་འཁེལ་འགྱོ་མི་དང་བསྟུན་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་སྡོད་མི་ འབྲུག་མི་ ༢༢ ལུ་ ནད་གཞི་འདི་ཐོབ་སྟེ་ཡོདཔ་སྦེ་ཨིན་མས།

དེ་ལས་ རྒྱལ་ཁབ་ནང་འབད་བ་ཅིན་ ནད་ཡམས་ཐོབ་མི་ནདཔ་ ༡༥ པོ་འདི་ ད་ལྟོའི་བར་ན་ཡང་ ནདཔ་སོ་སོ་སྦེ་བཞག་སའི་ཁང་མིག་ནང་རང་ བཞག་སྟེ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ ནདཔ་དྲུག་པ་འདི་ ད་རེས་ ནདཔ་སོ་སོ་སྦེ་བཞག་སའི་ཁང་མིག་ནང་ལས་བཏོན་ཏེ་ ཟུར་བཞག་སྟེ་ཡོད་མི་འདི་ མ་རྩིས་བར་ཨིན་མས།

གསོ་བའི་ལྷན་ཁག་དང་འཁྲིལ་པ་ཅིན་ ད་རེས་ ནདཔ་ཆ་མཉམ་གྱི་གནས་སྟངས་འདི་ ལེགས་ཤོམ་སྦེ་རང་ཡོད་ཟེར་ཨིན་མས།

འདི་དང་གཅིག་ཁར་ འཛམ་གླིང་ནང་ལུ་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་འདི་ མི་ས་ཡ་ ༤ དང་འབུམ་ ༨ ལྷགཔ་ཅིག་ལུ་ ཐོབ་སྟེ་ཡོདཔ་ཨིན་རུང་ མི་ས་ཡ་ ༢ ལྷགཔ་ཅིག་ཨིན་པ་ཅིན་ ནད་གཞི་འདི་ལས་ དྲག་སྟེ་ཡོདཔ་སྦེ་ཨིན་མས།