གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

བྲུག་ལུ་ ད་རེས་འགོ་དང་པ་ ནད་གཞི་ཀོ་ཝིཊ19ཐོན་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༠ ༢༠༢༠

༉ འབྲུག་ལུ་ ཀོ་ཝིཊ19ཟེར་མི་ནད་གཞི་འདི་ འགོ་དང་པ་རང་ སྤྱི་ཟླ་༣པའི་སྤྱི་ཚེས་༥ལུ་ ཐིམ་ཕུག་ལུ་སྦེ་ ཡུ་ཨེས་ལས་སྐྱེས་ལོ་༧༦ལང་མི་ བལྟ་བཤལཔ་ཕོ་སྐྱེས་གཅིག་ལུ་ ཐོབ་སྟེ་ཡོདཔ་སྦེ་ བདའ་ཟུན་སྟེ་ཡོདཔ་ཨིན།

ནདཔ་འདི་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་ གཟའ་མིག་དམར་གྱི་ཚེ་ ལྷོད་དེ་ཡོདཔ་ད་ གསོ་བའི་འགོ་དཔོན་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ནདཔ་འདི་དང་ཆ་འབྲེལ་བ་འཐབ་སྟེ་ཡོད་མི་ མི་གཞན་མི་༩༠ལྷགཔ་ཅིག་ཡང་ ངོས་འཛིན་འབད་དེ་ཡོདཔ་མས།

བལྟ་བཤལཔ་འདི་ འབྲུག་ལུ་ལྷོད་པའི་སྐབས་ལུ་ སྐྱེས་ལོ་༥༩ལང་མི་ ཨམ་སྲུ་གཅིག་དང་ཆ་ཡོདཔ་ད་ ཁོང་ཆ་ཁྱབ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་བརྟག་དཔྱད་འབད་བའི་སྐབས་ ནད་གཞི་འདི་ མེདཔ་སྦེ་ཐོན་ཡོདཔ་ཨིན་མས།

ཐིམ་ཕུག་ལུ་ལྷོད་པའི་སྐབས་ བལྟ་བཤལཔ་འདི་ ཁ་ལས་སྐྱུག་ ཕོཝ་སྦོ་སྟེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ བསྐྱེལ་དགོཔ་ཐོན་ནུག

ད་རུང་ ཕོ་སྐྱེས་འདི་ ཉིནམ་ནངས་པ་གི་ཚེས་ཡང་ ཕོཝ་མ་བདེ་བར་ ཆབ་གསང་བཤར་མི་ལས་བརྟེན་ཏེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ བསྐྱེལ་དགོཔ་ཐོན་ཡོདཔ་ཨིན་མས།

བལྟ་བཤལཔ་ཕོ་སྐྱེས་འདི་ ཧེ་མ་ལས་རང་ ཁྲག་ཤུགས་ཡོདཔ་ལས་ སྨན་ཚུ་བཟའ་བའི་བསྒང་རང་ཨིནམ་སྦེ་བཤད་ཅི།

དེ་ལས་ གཟའ་ཕུརཔ་གི་ཚེས་ བལྟ་བཤལཔ་འདི་ སྤུ་ན་ཁ་ལུ་སོང་ཞིན་ན་ ཁ་ཙ་ ད་རུང་རང་ ཐིམ་ཕུག་ལུ་ ལོག་ཡོདཔ་ཨིན་མས།

བལྟ་བཤལཔ་འདི་ ཐིམ་ཕུག་ལུ་ལྷོད་ཞིམ་ལས་ ད་རུང་རང་ཚར་ཅིག་ སྨན་ཁང་ནང་ལུ་འགྱོ་བའི་སྐབས་ དྲོད་བར་རྐྱབ་ ལྐོདམ་ནང་རྨ་ཐོན་ གློ་འབར་ བུང་བཏང་མ་ཚུགས་པར་ཡོདཔ་ལས་ བརྟག་དཔྱད་ཀྱི་དོན་ལུ་ བཞག་དགོཔ་ཐོན་ནུག

དེ་བསྒང་ ཕོ་སྐྱེས་འདི་གི་དཔེ་ཚད་ཚུ་ ཐིམ་ཕུག་ གསར་སྦིས་ཐང་ལུ་ཡོད་པའི་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ནང་ལུ་བཏང་པའི་སྐབས་ ནད་གཞི་ཀོ་ཝིཊ་19འདི་ ཐོབ་སྟེ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་སྦེ་ཨིན་མས།

ནདཔ་འདི་དང་ཅིག་ཁར་འབྲེལ་བ་འཐབ་སྟེ་ཡོད་མི་ མི་ངོམ་༩༠གི་གྲལ་ལས་ གསོ་བའི་ལྷན་ཁག་གིས་ ཁོང་འབྲེལ་བ་མང་སུ་སྦེ་འཐབ་སྟེ་ཡོད་མི་ མི་ངོམ་༢༠ཚུ་ཡང་ བརྟག་དཔྱད་འབད་བའི་བསྒང་རང་འདུག

ད་རིས་ གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ བློན་ཆེན་ ཌག་ཊར་བློ་གྲོས་ཚེ་རིང་གིས་གསུང་མི་ནང་ ནད་གཞི་འདི་ ད་རེས་མི་གཅིག་ལུ་ཐོབ་ཡོདཔ་སྦེ་ཐོན་སོང་ནི་འདི་གིས་ འབྲུག་རྒྱལ་ཁབ་འདི་ ནད་གཞི་འདི་གི་གནས་ཚད་ ལི་ཝང་གི་གྲལ་ཁར་ཚུད་དེ་ཡོད་ཟེར་ཨིན་མས།

ནད་གཞི་འདི་ལས་བརྟེན་ཏེ་ གཞུང་གིས་ ཐིམ་ཕུག་དང་སྤ་རོ་ དེ་ལས་ སྤུ་ན་ཁ་རྫོང་ཁག་འོག་གི་སློབ་གྲྭ་དང་སྤེལ་ཁང་ཚུ་ བདུན་ཕྲག་༢ཀྱི་རིང་ སྒོ་སྡམ་བཞགཔ་ཨིན་ཟེར་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

ནད་གཞི་འདི་གི་དོན་ལུ་ གསོ་བའི་ལྷན་ཁག་རྐྱངམ་ཅིག་གིས་རང་ འགྲུལ་འཐུས་བཟུམ་གྱི་ཟད་འགྲོ་ཚུ་ མར་ཕབ་འབད་ཞིན་ན་མ་དངུལ་དངུལ་ཀྲམ་ས་ཡ་༤༠དེ་ཅིག་ བདེ་ཐབས་སྒྲིག་སྟེ་ཡོདཔ་ཨིན་མས།

བློན་ཆེན་གྱིས་གསུང་མི་ནང་ ལྷན་ཁག་གཞན་མི་ཚུ་གི་ འདི་བཟུམ་གྱི་ཟད་སོང་ཚུ་ཡང་ གསོ་བའི་ལྷན་ཁག་ལུ་ བཏང་འོང་ཟེར་གསུང་ཡི།