གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ ཁ་རས་དང་སྨན་ཆུ་གི་དོན་ལུ་ མི་བརྒྱ་ལས་བཅད་དེ་འོང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༠ ༢༠༢༠

༉ རྒྱལ་ཁབ་ནང་ལུ་ ཀོ་ཝིཊ19ཐོན་ཏེ་ཡོདཔ་སྦེ་ གཏན་འཁེལ་སོང་པའི་ཤུལ་ གཟའ་སྤེནམ་གི་ཚེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ སྨན་བཙོང་སའི་ཚོང་ཁང་གི་སྒོ་ཁ་ལས་ཕར་ ཁ་རས་དང་ ལགཔ་གཙང་ཏོག་ཏོ་སྦེ་བཞག་ནི་གི་སྨན་ཆུ་ཉོ་མི་ མི་བརྒྱ་ལས་བཅད་དེ་སྦེ་འོང་ནུག

འདི་གི་སྦེ་ སྨན་བཙོང་སའི་ཚོང་ཁང་ལ་ལུ་ཅིག་ནང་ལས་ཕར་ ཁ་རས་དང་ ལགཔ་གཙང་ཏོག་ཏོ་སྦེ་བཞག་ནི་གི་སྨན་ཆུ་ཚུ་ རྫོགས་སྟེ་ཡོདཔ་སྦེ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ ནད་གཞི་འདི་ཐོན་ཏེ་ཡོད་པའི་སྙན་ཞུ་གོཝ་ཅིག་རང་ སྨན་ཚོང་ཁང་ཚུ་ནང་ དྲོ་པ་ཆུ་ཚོད་༨དེ་ཅིག་ཁ་ལས་རང་ ཁ་རས་དང་ སྨན་ཆུ་ཚུ་ཉོ་བར་འོང་ཡི་ཟེར་བཤད་ཅི།

ཨིན་རུང་ ཁོང་གིས་སླབ་མི་ནང་ སྨན་ཚོང་ཁང་ལ་ལུ་ཅིག་ ནད་གཞི་འདི་ལུ་འཚེར་ཏེ་ སྒོ་རང་མ་ཕྱིཝ་མ་ཚད་ ཕྱི་མི་ཚུ་ནང་ལས་ཕར་ཡང་ མི་འདི་ཚུ་ ཧེ་མ་ལས་རང་ གྱལ་བསྣར་ཏེ་སྡོད་ནུག་ཟེར་ཨིན་མས།

ད་རུང་ ནད་གཞི་འདི་ལུ་བརྟེན་ཏེ་ ཚོང་ཁང་མང་ཤོས་ཅིག་ནང་ལུ་རང་ ཁ་རས་དང་སྨན་ཆུ་ཚུ་རྫོགས་ཏེ་ཡོད་རུང་ ཉོ་བར་འོང་མི་ཚུ་ མ་ཆད་པར་འོང་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ཚོང་པ་ལ་ལུ་ཅིག་ལུ་ ཅ་ཆས་འདི་ཚུ་གུ་ལུ་ གོང་ཚད་ཡར་སེང་འབད་དོ་ཡོད་པའི་ ཉོགས་བཤད་ཡང་ བཀོད་དོ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ གོང་ཚད་ཡར་སེང་རེ་འབད་མི་ཐོན་པ་ཅིན་ མི་ཚུ་གིས་ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་ སྤྱོད་ཁྲལ་གོ་ཡངས་ཨང་༡༢༡༤ནང་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་མས།

ནད་གཞི་འདི་ལུ་བརྟེན་ཏེ་ ཐིམ་ཕུག་དང་སྤ་རོ་ དེ་ལས་ སྤུ་ན་ཁ་རྫོང་ཁག་གསུམ་ནང་གི་ སློབ་གྲྭ་ཚུ་ཡང་ བདུན་ཕྲག་གཉིས་ཀྱི་རིང་ལུ་ སྒོ་བསྡམ་བཞག་ནུག