གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

སློབ་སྟོན་པ་ཚུ་གིས་ པེ་ར་གི་རྩེད་རིགས་ཀྱི་ སྦྱོར་བརྡར་དང་ཤེས་ཡོན་ལས་རིམ་ནང་གྲལ་གཏོགས།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ འབྲུག་པེ་ར་ལིམ་པིག་ཚོགས་པའི་ནང་ལས་ སློབ་སྟོན་པ་༥གིས་ ད་རེས་འགོ་དང་པ་ ཇ་པཱན་ལུ་སྦེ་ ཉིནམ་༣གྱི་རིང་ལུ་ པེ་ར་གི་རྩེད་རིགས་མ་འདྲཝ་༤གི་ཐོག་ལུ་ སྦྱོར་བརྡར་དང་ཤེས་ཡོན་ལས་རིམ་ནང་ གྲལ་ཁར་གཏོགས་པའི་བསྒང་རང་འདུག

ཨེ་ཇཱི་ཊོསི་གཞི་ཚོགས་ཀྱིས་སྦེ་རྒྱབ་སྐྱོར་འབད་དེ་འགོ་འདྲེན་འཐབ་མི་ ལས་རིམ་འདི་ལས་བརྟེན་ཏེ་ འཛམ་གླིང་ནང་འཁོད་ལུ་ པེ་ར་རྩེད་རིགས་ཚུ་གོང་འཕེལ་བཏང་ནི་དང་ སློབ་སྟོན་པའི་རིག་རྩལ་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགས་པའི་རེ་བ་འདུག

ལས་རིམ་འདི་ཡང་ པེ་ར་མདའ་རྩེད་དང་ སྐེད་བཤད་ དེ་ལས་ ལྗིད་ཚད་འཐུ་ནི་དང་ ཊའི་ཀཱོན་ཌོ་གི་པེ་ར་རྩེད་རིགས་ཚུ་ནང་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་མས།

ལས་རིམ་འདི་གིས་ བཅའ་མར་གཏོགས་མི་སློབ་སྟོན་པ་ཚུ་ལུ་ སློབ་སྟོན་འབད་མི་ཚུ་ དངོས་སུ་སྦེ་གཡོག་བཀོལ་ནི་གི་དོན་ལས་ དང་ལག་ལེན་ཤེས་ཡོན་ཚུ་ སྟོན་བྱིན་དོ་ཡོདཔ་མ་ཚད་ ལུང་ཕྱོགས་ཀྱི་མཐུན་ལམ་ཡར་དྲག་བཏང་ནི་ནང་ཡང་ བལྟ་དོ་ཡོདཔ་ཨིན་མས།

པེ་ར་ལིམ་པིག་ཚོགས་པ་འདི་ སྤྱི་ལོ་༢༠༡༧ལུ་ གཞི་བཙུགས་འབད་མི་ལས་ཚུར་ ཁྱད་རིག་གི་མཁས་མཆོག་དང་ སྦྱོར་བརྡར་འབད་ཡོད་པའི་ སློབ་སྟོན་པ་མེད་པའི་གདོང་ལེན་ཚུ་ འབྱུང་སྟེ་རང་འདུག

འདི་འབདཝ་ལས་ ཚོགས་པ་འདི་གིས་བཀོད་མི་ནང་ འདི་བཟུམ་གྱི་སྦྱོང་བརྡར་ཚུ་ལས་བརྟེན་ རྒྱལ་ཁབ་ནང་ པེ་ར་རྩེད་རིགས་ཚུ་གོང་འཕེལ་བཏང་ནི་ནང་ ལྷན་ཐབས་སྦོམ་སྦེ་རང་ འབྱུང་འོང་ཟེར་བཤད་ཅི།

འདི་བཟུམ་སྦེ་ སྦྱོང་བརྡར་འདི་ལས་བརྟེན་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༠ལུ་ ཇ་པཱན་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ ནམ་བྱཱར་གྱི་པེ་ར་ལིམ་པིག་འགྲན་བསྡུར་གི་དོན་ལུ་ གྲ་སྒྲིག་ཚུ་འབད་ནི་ནང་ ལྷན་ཐབས་འབྱུང་ནི་ཨིན་མས།

ད་རེས་ འབྲུག་རྒྱལ་ཁབ་ནང་ པེ་ར་མདའ་རྩེད་དང་སྐེད་བཤད་ དེ་ལས་ ལྗིད་ཚད་འཐུ་ནི་དང་ ཊའི་ཀཱོན་ཌོ་གིས་མ་དོ་བར་ གཞན་མི་རྩེད་རིགས་༨དེ་ཅིག་ཡང་ ལག་ལེན་འཐབ་ནི་གི་ འོས་འབབ་ཡོདཔ་སྦེ་ཨིན་མས།