གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

འབྲུག་གི་བྱ་རིགས་དུས་སྟོན་སྐབས་ ཤ་རོགསཔ་ཚུ་གིས་ སྲོག་བཅོད་སྤང་ནི་གི་ཁས་ལེན།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ གཞལ་སྒང་རྫོང་ཁག་ནང་ལུ་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་བྱ་རིགས་དུས་སྟོན་བརྩི་སྲུང་འབད་བའི་སྐབས་ ཤ་རོགསཔ་ཕོ་སྐྱེས་༣༥དེ་ཅིག་གིས་ ད་ལས་ཕར་ སེམས་ཅན་ཚུ་སྲོག་བཅོད་འབད་འདི་ སྤང་ནི་ཟེར་བའི་ ཁས་ལེན་འབད་དེ་འདུག

འདི་བསྒང་ བློན་ཆེན་གྱིས་ ཧེ་མ་ཚར་གཅིག་ མ་ནཱསི་རྒྱལ་ཡོངས་གླིང་གའི་ནགས་ཚལ་ཚུ་ནང་ལས་ཕར་ ཤ་བདའ་མི་ཚུ་ལུ་ དེ་སྦེ་མནོ་བསམ་བཏང་སྟེ་འོང་མི་འདི་ལུ་ ངལ་རངས་དང་ཡིད་ཆེས་ཚུ་ཡོདཔ་སྦེ་ གསུངས་གནང་ཡི།

ཁོང་ཆ་ཁྱབ་ཀྱིས་ ཧེ་མ་འབད་བ་ཅིན་ འཚོ་བ་སྐྱོང་ནི་གི་དོན་ལུ་ མང་ཤོས་ཅིག་ར་ གཅན་གཟན་སྟག་ཚུ་བསད་དེ་སྡོད་ནུག

དེ་སྦེ་ ཁས་བླངས་འབད་མི་ཚུ་ཡང་ པདྨ་དགའ་ཚལ་ལས་ཨིནམ་ད་ ཁོང་ཆ་ཁྱབ་ བུམ་ཐང་དང་ཐིམ་ཕུག་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ནང་ གནས་བསྐོར་ནང་འགྱོ་བའི་ཤུལ་མ་ ད་རེས་ འབྲུག་གི་བྱ་རིགས་དུས་སྟོན་ནང་ Hunters to Hermitsཟེར་མི་ལས་རིམ་གྱི་དོན་ལུ་ འོང་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ ཧེ་མ་འབད་བ་ཅིན་ ཤ་བདའ་བར་འགྱོ་ནི་འདི་ དགའ་སྤྲོ་བསྐྱེད་སའི་གཞི་ཅིག་ཨིནམ་སྦེ་ ལོ་རྒྱུས་ཚུ་བཤད་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ བློ་འགྱོད་བསྐྱེད་དགོཔ་འཐོན་ཏེ་ བཤགས་པ་ཕུལཝ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ན་ཧིང་ མ་ནཱསི་རྒྱལ་ཡོངས་གླིང་ག་གིས་ རྒྱལ་སྤྱིའི་གཅན་གཟན་སྟག་གི་ཉིནམ་འགོ་འདྲེན་འཐབ་མི་འདི་གིས་ ཁོང་རའི་སེམས་ལུ་ འགྱུར་བ་འགྱོ་ཡོདཔ་སྦེ་བཤད་ཅི།

ལས་རིམ་འདི་ཡང་ ཤ་རོགསཔ་ཚུ་ རི་དྭགས་སེམས་ཅན་ཚུ་གི་ གྱངས་ཁ་ཉུང་སུ་བཟོ་མི་ཅིག་འབདཝ་ལས་ སེམས་ཅན་ཉམས་སྲུང་འབད་མི་ ངོ་མ་ཅིག་སྦེ་རྩིས་ནི་དོན་ལུ་ བརྩི་སྲུང་འབད་ཡོདཔ་ཨིན་མས།