གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ མི་དམངས་ངོས་སྦྱོར་ཡིག་ཚང་ཅིག་སྒོ་ཕྱི་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ མི་དམངས་ངོས་སྦྱོར་ཡིག་ཚང་ཅིག་སྒོ་ཕྱི་སྟེ་ཡོདཔ་ལས་ ཤར་ཕྱོགས་རྫོང་ཁག་གི་མི་སེར་ཚུ་གིས་ ད་ལས་ཕར་ ཁྲིམས་དོན་ངོས་སྦྱོར་གྱི་ཞབས་ཏོག་ཚུ་ལེན་པར་ ཐིམ་ཕུག་ལུ་ འགྱོ་དགོཔ་མི་འཐོན་ནི་ཨིན་མས།

ལུང་ཕྱོག་འདི་ནང་ལུ་ འདི་བཟུམ་གྱི་ཡིག་ཚང་ཅིག་བཙུགས་མི་འདི་གིས་ མི་དམངས་ལུ་ དུས་ཚོད་དང་ཟད་འགྲོ་གི་ཁེ་ཕན་ཚུ་འབྱུང་ནི་ཨིནམ་མ་ཚད་ ཁྲིམས་ཁང་ནང་ལུ་ ངོས་སྦྱོར་གྱི་ཞབས་ཏོག་ཚུ་བྱིན་དགོཔ་པའི་ལཱ་ཚུ་ཡང་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་མས།

ངོས་སྦྱོར་གྱི་ཞབས་ཏོག་ཚུ་ཡང་ མ་གཞི་ གཙོ་བོ་རང་ ཡིག་ཆ་ཚུ་ངོ་སྦྱོར་འབད་ནི་དང་བདེན་དཔྱད་འབད་ནི་ཚུ་ ཚུད་དོ་ཡོདཔ་ཨིན་རུང་ དབྱེ་ཁག་འདི་ནང་ལུ་ གཉེན་ཐམ་བྱིན་དང་ ཡིག་ཆ་འབྱང་མི་དང་འབྲེལ་བའི་བཀའ་རྒྱ་བྱིན་ནི་ དེ་ལས་ རྩིས་ཁྲ་བསྡམ་ནི་དང་ བགོ་བཤའ་སྤོ་སོར་འབད་ནི་ འདི་བཟུམ་སྦེ་ མིང་སོར་ནི་གི་ཞབས་ཏོག་ཚུ་ཚུདཔ་ཨིན་མས།

ངོས་སྦྱོར་གྱི་ཞབས་ཏོག་ལེན་པར་འོང་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་མི་དང་འབྲེལ་ མོང་སྒར་ཁྲིམས་ཀྱི་འདུན་ས་གིས་ ཤར་ཕྱོག་ལུང་ཕྱོགས་ནང་ལུ་ ངོས་སྦྱོང་ཡིག་ཚང་ཅིག་འགོ་པའི་སྐོར་ལས་ ན་ཧིང་ གྲོས་འཆར་ཕུལ་ནུག

འདི་ཡང་ ཁྲིམས་ཀྱི་སྙན་ཞུ་དང་འཁྲིལཔ་ད་ སྤྱི་ལོ་༢༠༡༧ལུ་ ལུང་ཕྱོགས་འདི་ནང་གི་ཁྲིམས་འདུན་ཚུ་ནང་ ངོས་སྦྱོར་གྱི་ཞབས་ཏོག་ཚུ་གི་དོན་ལུ་ ཞུ་ཡིག་བཙུགས་མི་སྟོང་ཕྲག་༢མ་ལངམ་ཅིག་ ཐོ་བཀོད་འབད་དེ་ཡོད་ནི་འདི་གིས་ཨིན་མས།

འདི་བཟུམ་སྦེ་ མོང་སྒར་རྫོང་ཁག་ ཁྲིམས་ཀྱི་འདུན་ས་ལས་ ངོས་སྦྱོར་ཡིག་ཚང་དང་གཅིག་ཁར་ འདུམ་འགྲིག་ཁང་ཅིག་ཡང་ གཞུང་འབྲེལ་དུ་ འགོ་འབྱེད་འབད་ཡི།

ཞབས་ཏོག་འདི་ལས་བརྟེན་ཏེ་ རྒྱལ་ཁབ་ཀྱི་དྲང་ཁྲིམས་ལམ་ལུགས་ནང་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ ཡར་དྲག་བཏང་ནི་ལུ་ བལྟ་ནི་ཨིནམ་མ་ཚད་ ཁྲིམས་གཏུག་འབད་སའི་འདམ་ཁ་ཚུ་ཡང་ ཐོབ་ཚུགས་སྦེ་བཟོ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་མས།