གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

འབྲུག་བཟོ་སྐྲུན་ཚོགས་པ་ལུ་ ཡུན་བརྟན་སྦེ་གནས་མ་ཚུགས་པའི་ཉེན་ཁ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ འབྲུག་བཟོ་སྐྲུན་ཚོགས་པ་འདི་ཡང་ འབྲུག་པའི་བཟོ་སྐྲུན་ལས་སྡེ་གོང་འཕེལ་བཏང་ནི་དང་ བཟོ་སྐྲུན་ལས་སྡེའི་ངོ་ཚབ་སྦེ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གནས་ཚད་ཁ་ལུ་ བཅའ་མར་གཏོགས་ནི་གི་དོན་ལུས་ སྤྱི་ལོ་༢༠༡༢ལུ་ གཞི་བཙུགས་འབད་ནུག

ཨིན་རུང་ ད་རེས་ ཚོགས་པ་འདི་ འཛིན་སྐྱོང་འཐབ་ནི་གི་དོན་ལས་ མ་དངུལ་མེད་ནི་འདི་གིས་ ཡུན་བརྟན་སྦེ་གནས་མ་ཚུགས་པའི་ ཉེན་ཁ་ཡོདཔ་སྦེ་ཨིན་མས།

གནད་དོན་འདི་ཡང་ ཚོགས་པ་འདི་གི་ འཐུས་མི་་ཚུ་དང་གཅིག་ཁར་ འཕྲལ་ཁམས་གཅིག་ཁར་ ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ འཐོན་ཡོདཔ་ཨིན་མས།

འདི་བསྒང་ ཁག་འབགཔ་ཚུ་གིས་བཀོད་མི་ནང་ ད་རེས་ ཁག་འབགཔ་གི་ལཱ་ཚུ་ ཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་ནི་འདི་གིས་ འཐུས་མི་ལ་ལུ་ཅིག་གིས་ ཚོགས་པ་གི་འཐུས་ཚུ་ དུས་ཚོད་ཁར་བཏབ་མ་ཚུགསཔ་འོང་ཟེར་བཤད་ཅི།

ཚོགས་པ་འདི་དང་གཅིག་ཁར་ འཐུས་མི་༢༧༠༠ལྷགཔ་ཅིག་གིས་ ཐོ་བཀོད་འབད་དེ་ཡོདཔ་ད་ ཚོགས་པ་འདི་ ཡུན་བརྟན་སྦེ་བཞག་ནི་གི་དོན་ལུ་ འཐུས་མི་ཚུ་གི་འཐུས་འདི་ མེད་ཐབས་མེདཔ་ཅིག་ཨིན་མས།

འདི་འབདཝ་ལས་ ཚོགས་པ་འདི་གིས་ ད་རེས་ འཐུས་མི་གི་འཐུས་ཚུ་ག་ར་ཚངམ་སྦེ་ སྤྲོད་མ་ཚུགས་རུང་ ཕྱེད་ཀ་གི་རྩིས་ བཏབ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་མས།

ཚོགས་པ་འདི་གི་འཐུས་ཚུ་ཡང་ ལོ་བསྟར་བཞིན་དུ་ར་ ཁག་འབགཔ་ཆེ་བ་ཚུ་གིས་ དངུལ་ཀྲམ་སྟོང་ཕྲག་༥༠དང་ བར་མ་ཚུ་གིས་སྟོང་ཕྲག་༡༠་ དེ་ལས་ ཁག་འབགཔ་ཆུང་བ་གིས་ འཐུས་དངུལ་ཀྲམ་སྟོང་ཕྲག་རེ་ སྤྲོད་དགོཔ་འཐོན་དོ་ཡོདཔ་ཨིན་མས།

ཨིན་རུང་ ཚོགས་པ་འདི་གིས་ ཁོག་འབགཔ་ཚུ་ལས་ བསྡོམས་ཀྱིས་ ན་ཧིང་ འཐུས་ཐུས་བརྒྱ་ཆ་༡༢རྐྱངམ་ཅིག་དང་ དུས་ཅི་ ད་ལྟོ་ཚུན་ཚོད་ བརྒྱ་ཆ་༥ལས་བརྒལ་ བསྡུ་མ་ཚུགསཔ་ཨིན་མས།

འབྲུག་བཟོ་སྐྲུན་ཚོགས་པའི་ གཙོ་འཛིན་ འཕྲིན་ལས་རྒྱ་མཚོ་གིས་བཀོད་མི་ནང་ འཐུས་བསྡུ་མ་ཚུགས་པའི་ དཀའ་ངལ་འདི་ ཚོགས་པ་གཞི་བཙུགས་འབད་བའི་ ཉིནམ་ལས་འགོ་བཙུགས་ཏེ་ ད་ལྟོའི་བར་ན་འཐོན་ཏེ་ཡོདཔ་ཨིན་རུང་ ཁག་འབགཔ་ཚུ་གིས་ ཚོགས་པའི་འགན་ཁུར་ཚུ་གི་སྐོར་ལས་ ཧ་གོ་སྟེ་ཡོདཔ་ལས་ ཚོགས་པའི་གནས་སྟངས་འདི་ འགྱུར་བ་འགྱོ་ཚུགས་པའི་ རེ་བ་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁག་འབགཔ་ལ་ལུ་ཅིག་གིས་སླབ་མི་ནང་ ལོ་བསྟར་འཐུས་མི་གིས་ འཐུས་ཚུ་བཏབ་མ་བཏུབ་མི་འདི་ཡང་ རྫོང་ཁག་ལ་ལུ་ཅིག་གི་ནང་ལས་ཕར་ ཚོགས་པའི་འགན་ཁུར་ཚུ་གི་སྐོར་ལས་ ཧ་མ་གོ་ནི་འདི་གིས་ཨིནམ་འོང་ཟེར་ཨིན་མས།

འདི་འབདཝ་ལས་ ད་ལས་ཕར་ རྫོང་ཁག་འདི་ཚུ་གི་ནང་ལས་ཕར་ ཞལ་འཛོམས་ཚུ་ མང་སུ་སྦེ་འགོ་འདྲེན་འཐབ་ནི་སྦེ་འདུག