གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

གསང་སྤྱོད་ཀྱི་ཉིནམ་དང་འབྲེལ་ རྒེད་འོག་༡༢་ལུ་ ངལ་རངས་ཀྱི་ལག་ཁྱེར་བྱིན་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ གསར་སྤང་རྫོང་ཁག་ ཤོམ་སྤང་ཁ་རྒེད་འོག་ནང་ལུ་སྦེ་ རྒྱལ་ཁབ་ནང་ལུ་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༩ལུ་ འཛམ་གླིང་གསང་སྤྱོད་ཀྱི་ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ ཆབ་གསང་ཚུ་སྤང་ནང་ལས་ཕར་ བཏང་མ་དགོ་པའི་གྲུབ་འབྲས་བཏོན་ཏེ་ཡོད་མི་ རྒེད་འགོ་༡༢་ལུ་ ངལ་རངས་ཀྱི་ ལག་འཁྱེར་ཚུ་བྱིན་ནུག

རྒེད་འོག་འདི་ཚུ་རྩིས་ཏེ་ ད་རེས་ རྒྱལ་ཁབ་ནང་ལུ་ རྒེད་འོག་༩༣་གྱི་ནང་ལས་ཕར་ ཆབ་གསང་ཚུ་ རྐྱབ་ཚར་ཏེ་འདུག

འདི་བཟུམ་སྦེ་ ཉིན་འདི་ཁ་ལུ་ རྩི་རང་དང་ཀྲོང་གསར་རྫོང་ཁག་༢་ལུ་ཡང་ ཆབ་གསང་ཚུ་ སྤང་ནང་ལས་ཕར་བཏང་མ་དགོཔ་སྦེ་བཟོ་མི་དང་ གཙང་སྦྲ་འཕྲོད་བསྟེན་ཐད་ཁར་འབད་རུང་  གྲུབ་འབྲས་བརྒྱ་ཆ་ལས་བརྒྱ་སྦེ་རང་ བཏོན་ཚུགས་ཏེ་ཡོད་མི་ལུ་ ལག་འཁྱེར་ཚུ་བྱིན་ནུག

འདི་དང་གཅིག་ཁར་ ད་རེས་ གྲུབ་འབྲས་དེ་སྦེ་བཏོན་ཚུགས་མི་གི་གྱངས་ཁ་འདི་ རྫོང་ཁག་༤་ལུ་ལྷོད་ཡོདཔ་ཨིན་མས།

ཉིནམ་བརྩི་སྲུང་འབད་ས་ལུ་འཛོམས་མི་ཚུ་ལུ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱིའི་ཨ་ལུའི་མ་དངུལ་གྱི་ གནས་སྡོད་སྐུ་ཚབ་འོགམ་ ཇུ་ལིཊི་ཧེ་ནི་གིས་ལྦ་མི་ནང་ གྲུབ་འབྲས་དེ་སྦེ་བཏོན་ཚུགས་མི་ལུ་ ངལ་རངས་དང་དགའ་འཚོར་ཚུ་ ཡོདཔ་སྦེ་བཤད་ཅི།

ད་རུང་ མོ་གིས་བཀོད་མི་ནང་ འཛམ་གླིང་ནང་ལུ་ ཉིན་བསྟར་བཞིན་དུ་ར་ ཨ་ལུ་སྟོང་ཕྲག་༡མ་ལངམ་ཅིག་འདི་ བཀག་ཐབས་འབད་ཚུགས་པའི་ ཆུ་དང་གཙང་སྦྲ་འཕྲོད་བསྟེན་དང་འབྲེལ་བའི་ བཤལ་ནད་ཚུ་འཐོབ་ནི་འདི་གིས་ ཤི་རྐྱེན་འབྱུང་དོ་ཡོདཔ་ལས་ འདི་བ་ཡང་ལྷགཔ་སྦེ་ བརྩོན་ཤུགས་བསྐྱེད་དགོཔ་འདུག་ཟེར་ཨིན་མས།

འདི་ལུ་ གསར་སྤང་རྫོང་བདག་ ཀརྨ་དགེ་ལེགས་ཀྱིས་སླབ་མི་ནང་ རྫོང་ཁག་བདག་སྐྱོང་གིས་ ཆབ་གསང་ཚུ་ སྤང་ནང་ལས་ཕར་བཏང་མ་དགོཔ་སྦེ་བཟོ་ནི་དང་ གཙང་སྦྲ་འཕྲོད་བསྟེན་ཚུ་ བརྒྱ་ཆ་ལས་བརྒྱ་སྦེ་རང་ ཡར་དྲག་བཏང་ནི་གི་དོན་ལས་ འཕྲོ་མཐུད་དེ་རང་ ལཱ་ཚུ་ འབད་དོ་ཟེར་བཤད་ཅི།

འདི་མ་ཚད་ ཁོང་གི་ཁ་ཐུག་ལས་ གྲོང་གསེབ་ས་སྒོ་ཚུ་ནང་ལས་ཕར་ ཁྱིམ་ཚུ་རྐྱབ་་ཆོག་པའི་ གནའ་བ་བྱིན་པའི་སྐབས་ ཆབ་གསང་ཚུ་ཡང་ ཁྱིམ་གྱི་ནང་ན་རང་རྐྱབ་དགོཔ་སྦེ་ སླབ་དོ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་གསང་སྤྱོད་ཀྱི་ཉིནམ་འདི་ཡང་ མི་ག་རའི་དོན་ལུ་ གསང་སྤྱོད་དགོ་ཟེར་བའི་བརྗོད་དོན་གྱི་ཐོག་ལུ་ བརྩི་སྲུང་འབད་དེ་འདུག