གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

ཀྲོང་གསར་ལུ་ ས་ཆ་དང་འབྲེལ་བའི་ངན་ལྷད་ཀྱི་གནད་དོན།

སྤྱི་ཟླ་༡༡ པའི་ཚེས་ ༡༨ ༢༠༡༩

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ གཟའ་པ་སངས་ཀྱི་ཚེ་ ཀྲོང་གསར་ལུ་ ས་ཆ་དང་འབྲེལ་བའི་ངན་ལྷད་ཀྱི་གནད་དོན་ནང་ལུ་ མི་༧ ཉེས་པ་ཡོདཔ་སྦེ་ཨིནམ་མ་ཚད་ ནུབ་སྦིས་རྒེད་འོག་གི་ མཐུ་མང་ལུ་ ཉེས་ཅན་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གི་མིང་ཐོག་ཁར་ ཡོད་པའི་ ས་ཆ་ཨེ་ཀར་༤དང་དྲི་སི་མཱལ་༧༣འབད་མི་འདི་ཡང་ གཞུང་ལུ་ ལོག་ཕུལ་དགོཔ་སྦེ་ འཁྲུན་ཆོད་བཏོན་ཏེ་འདུག

ས་ཆ་དང་འབྲེལ་བའི་ངན་ལྷད་འདི་ཡང་ སྤྱི་ལོ་༢༠༡༡ལུ་ ཀྲོང་གསར་ སྟག་རྩེ་ལས་ ས་ཆ་གི་ཇོ་བདག་ཅིག་གིས་ མོ་རའི་ས་ཆ་འདི་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ བཙོང་བཙོངམ་རང་མེད་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལུ་ཐོན་ནུག

འདི་གི་ཤུལ་ལས་ ལྷན་ཚོགས་ཀྱིས་ཞིབ་དཔྱད་འབད་བའི་སྐབས་ ཉེས་ཅན་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ མོ་རའི་རྨགཔ་ ཧེ་མའི་ཀྲོང་གསར་རྫོང་བདག་ ལྷགཔ་རྡོ་རྗེ་དང་ དྲང་དཔོན་བགྲེསཔ་ཨྱོན་བསྟན་འཛིན་རྩིས་ཏེ་ ཁོང་མི་ངོམ་༡༠གིས་ མཐུ་མང་བྲག་ལུ་ ཁྲིམས་དང་མ་འཁྲིལ་བར་ ས་ཆ་ཨེ་ཀར་༥མ་ལངམ་ཅིག་ སྦང་བཏབ་སྟེ་ཡོདཔ་སྦེ་ མཐོང་ཡོདཔ་སྦེ་ཨིན་མས།

ས་ཆ་གི་ངན་ལྷད་འདི་ནང་ལུ་ ཁོང་མི་ངོམ་༡༠གྲལ་གཏོགས་ཡོད་ས་ལས་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུས་ས་ལས་ མི་ངོམ་༣འདི་ ཉེས་པ་མེདཔ་སྦེ་ ཐོན་ཏེ་འདུག

ད་རུང་ འཁྲུན་ཆོད་འདི་ནང་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་སྒོ་འདི་ཁ་ལུ་རྐྱབ་སྟེ་ཡོད་པའི་ བལྟ་བཤལ་གྱི་བཟའ་ཁང་འདི་ ད་རེས་ཀྱི་གནས་གོང་གུ་ གཞུང་གིས་ ཉོ་ནི་གི་དང་འདོད་ག་དེ་སྦེ་འདུག་ག་ བསྟུན་གྲོས་ཚུ་འབད་དགོཔ་ད་ ག་དེ་ཅིག་སྦེ་ ཉོ་ནི་གི་དང་འདོད་མེད་པ་ཅིན་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ བརྡལ་བཏང་དགོཔ་སྦེ་འཁོད་དེ་འདུག

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་ཆ་འདི་ སྤྱི་ལོ་༢༠༡༥ལུ་ ཉོ་བཙོང་འཐབ་ཐ་མ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་རུང་ ཚོང་འབྲེལ་འདི་ ས་ཆ་རྐྱངམ་ཅིག་མ་གཏོགས་ བཟའ་ཁང་གི་སྒྲིང་ཁྱིམ་དང་ བཟའ་ཁང་འཛིན་སྐྱོང་ཚུ་ འཐབ་མ་ཆོགཔ་སྦེ་ བཀོད་དེ་མེདཔ་ཨིན་མས།

འདི་འབདཝ་ལས་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུས་ས་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ སྤྱི་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་འདི་ འཕྲི་སྣོན་འབད་དགོཔ་སྦེ་ འཁོད་དེ་འདུག

འདི་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒུལ་མེད་ཀྱི་རྒྱུ་དངོས་ཚུ་གཞུང་བཞེས་འབད་བའི་ཤུལ་ བདག་འཛིན་འབད་ནི་ཡོདཔ་སྦེ་ བཟོ་ཐབས་ལུ་ཨིནམ་སྦེ་བཤད་ཅི།

ཀརྨ་ཚུལ་ཁྲིམས་སྒྲོལ་མ་དང་འཁྲིལ་བ་ཅིན་ བཟའ་ཁང་འདི་ དེ་བསྒང་ དངུལ་ཀྲམ་ས་ཡ་༣༠༠གྱི་ གནས་གོང་ཁ་ལུ་སྡོད་ཡོདཔ་སྦེ་ཨིན་མས།