གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

དབང་འདུས་ཕོ་བྲང་ སྒང་སྟེང་དང་ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་དཀརམོ་གི་དུས་སྟོན།

སྤྱི་ཟླ་༡༡ པའི་ཚེས་ ༡༨ ༢༠༡༩

༉ དབང་འདུས་ཕོ་བྲང་ སྒང་སྟེང་དང་ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་དཀརམོ་གི་དུས་སྟོན་འདི་གིས་ ས་གནས་འདི་ཁའི་མི་སེར་ཚུ་དང་བྱ་འདི་གི་བར་ན་ལུ་ བརྩེ་གདུང་དང་དག་སྣང་འདི་ཚུ་ ག་དེ་སྦེ་རང་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབདཝ་ཨིན་མས།

དུས་སྟོན་འདི་ཡང་ ལོ་བསྟར་ཞིན་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་འཁྲུངས་སྐར་དུས་ཆེན་དང་འབྲེལ་ སྤྱི་ཟླ་༡༡པའི་སྤྱི་ཚེས་༡༡ལུ་ འགོ་འདྲེན་འཐབ་ཨིན་མས།

འདི་བསྒང་ ལས་རིམ་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་ གྱོན་ཆས་ཚུ་ཡང་ ཁྲུང་ཁྲུང་དཀརམོ་བཟུམ་སྦེ་རང་ བགོ་ལ་དཀརཔོ་དང་གནགཔོ་གི་ཚོས་གཞི་འབད་མི་ཚུ་ གྱོན་ནི་འདུག

ཁྲུང་ཁྲུང་དཀརམོ་འདི་ འཛམ་གླིང་ནང་ལུ་ རབ་ཆད་ནི་གི་ཉེན་ཁ་ཡོད་པའི་བྱ་རིགས་ཅིག་ཨིནམ་མ་ཚད་ ལྷ་བྱ་ཅིག་སྦེ་ཡང་ བརྩི་དོ་ཡོདཔ་ལས་ དུས་སྟོན་འདི་གིས་ བྱ་ཁྲུང་ཁྲུང་གི་སྐོར་ལས་གསལ་སྟོན་འབད་བ་གི་མ་ཚད་ བྱ་འདི་ཚུ་ཉམས་སྲུང་འབད་ནི་གི་དོན་ལས་ ཐབས་ལམ་ཚུ་སྟོན་དགོ་པའི་སྐོར་ལས་ཡང་ སྟོནམ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ བྱ་འདི་གིས་ གཡུས་ཁ་ལུ་ ཕུན་སུམ་ཚོགས་བཅུག་དོ་ཡོད་པའི་ཁར་ བྱ་འདི་གི་དོན་ལུ་ ལོ་བསྟར་བཞིན་ དུས་སྟོན་འགོ་འདྲེན་འཐབ་སྟེ་ གོ་བརྡ་ཚུ་སྤེལ་མི་ལས་བརྟེན་ཏེ་ ཁོང་གིས་ བྱ་འདི་ལུ་ བརྩི་མཐོང་རང་ མ་འདྲཝ་ཅིག་སྦེ་ སྐྱེད་ནི་འགོ་བཙུགས་ཏེ་ཡོད་ཟེར་བཤད་ཅི།

ད་རེས་ མི་ཚུ་གིས་ བྱ་འདི་ལུ་ ལེགས་ཤོམ་སྦེ་ བརྩི་བཀུར་བསྐྱེད་ནི་འདི་གིས་ རྫོང་ཁག་བདག་སྐྱོང་གིས་ཡང་ དུས་སྟོན་འདི་ ཉིནམ་གཉིས་ལུ་ ཡར་སེང་འབད་ཡོདཔ་ཨིན་མས།

རྫོང་ཁག་བདག་སྐྱོང་དང་འཁྲིལ་བ་ཅིན་ ཁྲུང་ཁྲུང་དཀརམོ་གི་དུས་སྟོན་འདི་ ཁོང་གི་རྫོང་ཁག་ནང་ལུ་ དུས་སྟོན་ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ གཞན་དང་མ་འདྲཝ་ཅིག་ཡང་ ཨིན་ཟེར་བཤད་ཅི།

དུས་ཅི་ དུས་སྟོན་འདི་ཁ་ལུ་ བལྟ་བཤལཔ་༨༠༠ལྷགཔ་ཅིག་འཛོམས་ཡོདཔ་ལས་ འོང་བབས་ཚུ་ཡང་ བཟོ་ཚུགས་ཏེ་ཡོདཔ་ལས་ འོང་བབས་འདི་ཚུ་ ཁྲུང་ཁྲུང་དཀརམོ་གི་ཁྱམས་སའི་ས་གོ་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་གི་དོན་ལས་ གཡོག་བཀོལ་ནི་སྦེ་འདུག

ད་རུང་ དུས་སྟོན་འདི་གི་སྐབས་ལུ་ ས་གནས་ཀྱི་མི་ཚུ་གིས་ཡང་ ཁོང་རའི་ཐོན་སྐྱེད་ཚུ་བཙོང་ཞིན་ན་ འོང་འབབ་ཐེབ་བཟོ་ཚུགས་པའི་ གོ་སྐབས་ཅིག་ལུ་འགྱུར་ཡོདཔ་ཨིན་མས།

སྒང་སྟེང་ལུ་ བྱ་ཁྲུང་ཁྲུང་དཀརམོ་གི་དུས་སྟོན་འདི་ འགོ་དང་པ་རང་ རྒྱལ་སྤྱི་ཁྲུང་ཁྲུང་གཞི་ཚོགས་ནང་ལས་ མ་དངུལ་རྒྱབ་སྐྱོར་ལེན་ཞིན་ན་ སྤྱི་ལོ་༡༩༩༩ལས་ འགོ་འདྲེན་འཐབ་ནི་འགོ་བཙུགས་ནུག