གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་འཐབ་ནི་འདི་ ཉམས་འགྱོ་སྟེ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་འདི་ ཧེ་མ་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལས་ ཚོང་འབྲེལ་འཐབ་སའི་ ཁྲོམ་གཙོ་བོ་ཅིག་ཨིན་རུང་ ད་རེས་ནངས་པ་ ཚོང་འབྲེལ་འཐབ་ནི་འདི་ ཉམས་འགྱོ་སྟེ་འདུག

འདི་ཡང་ ས་གནས་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ ད་རེས་ནངས་པ་ ཁྲོམ་འདི་ནང་ ས་གནས་གཞན་ཁ་ལས་ མི་འོང་མི་གི་གྱངས་ཁ་ མར་ཕབ་སོང་སྟེ་ཡོད་མི་དང་འབྲེལ་ ཚོང་ཁང་དང་ཟ་ཁང་ མཐའ་ན་ གླ་འཁོར་བཏང་མི་ཚུ་གི་ འོང་འབབ་ལུ་ ཐོག་ཕོག་སྟེ་ཡོདཔ་སྦེ་བཤད་ཅི།

འདི་ལུ་ མི་སེར་ཚུ་གིས་ ན་ཧིང་ སྤྱི་ཟླ་༥་པའི་ནང་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་བར་ན་ གཞུང་ལམ་སྒོ་ཕྱི་པའི་ཤུལ་ལུ་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་པར་ཡོད་ཟེར་ ཁ་བཏང་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱི་ གཞུང་གིས་ སྤྱི་ཚོགས་༣་པའི་ ཚོགས་ཐེངས་དང་པའི་སྐབས་ལུ་ བསམ་གྲུབ་ལྗོངས་མཁར་འདི་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་གི་དོན་ལས་ འཐོན་འཛུལ་འབད་སའི་ས་གོ་སྦེ་བཟོ་ནི་གི་ ཆ་འཇོགས་གནང་མི་འདི་ མགྱོགས་སུ་ཅིག་སྦེ་ འགོ་བཙུགས་གནང་ནི་གི་རེ་བ་མ་གཏོགས་ གཞན་འབད་ཐབས་ག་ནི་ཡང་ མེདཔ་སྦེ་བཤད་ཅི།

ད་རུང་ མི་ཚུ་གིས་བཀོད་མི་ནང་ ག་དེ་ཅིག་སྦེ་ གཞུང་གིས་ འཐོན་འཛུལ་གྱི་ས་གོ་འདི་ གཞི་བཙུགས་འབད་བ་ཅིན་ ཁོམ་ཁ་ལུ་སྡོད་མི་ ཆ་མཉམ་ལུ་ར་ ཕན་ཐོགས་འབྱུང་འོང་ཟེར་ཨིན་མས།

འདི་དང་གཅིག་ཁར་ ད་རེས་ གཞུང་གིས་ ས་གནས་འདི་ནང་ལུ་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ འཐོན་འཛུལ་འབད་སའི་ ས་གོ་ཅིག་སྦེ་བཟོ་ནི་གི་དོན་ལུ་ བརྟག་ཞིབ་འབད་ནི་གི་ དུས་ཚོད་མང་སུ་ཅིག་ དགོཔ་འཐོན་ཏེ་ཡོདཔ་སྦེ་ཨིན་མས།