གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

གླིང་བཞི་གྱི་གཞས་ཚུ་ ཉམས་འགྱོ་མ་བཅུག་པར་བཞག་ནི་གི་ཐབས་ལུ་ བྲོ་འཁྲབ་སའི་ས་གོ་དགོཔ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༤ ༢༠༡༩

༉ ཐིམ་ཕུག་རྫོང་ཁག་ གླིང་བཞི་རྒེད་འོག་གི་མི་ཚུ་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་གཞས་འདི་ཡང་ ག་དེ་ཅིག་སྦེ་ བྲོ་འཁྲབ་སའི་ས་སྒོ་ཚུ་ཐོབ་པ་ཅིན་རྐྱངམ་གཅིག་ མི་ཉམས་རྒྱུན་སྐྱོང་འབད་ཚུགས་ནི་མས་ཟེར་ཨིན་མས།

འདི་ཡང་ ཧེ་མ་ གླིང་བཞི་པའི་གཞས་༡༣སྡོད་ས་ལས་ ད་རེས་ གྱངས་ཁ་འདི་༥གུ་ལྷོད་དེ་ཡོདཔ་ད་ གནད་དོན་འདི་ཡང་ འཕྲལ་ཁམས་གཅིག་ཁར་ སྲོས་རྒེད་འོག་ནང་ལུ་སྦེ་ ཇོ་མོ་ལྷ་རི་གངས་རི་དུས་སྟོན་གྱི་སྐབས་ལུ་ གླིང་བཞི་རྒེད་འོག་ནང་ལས་ རྒས་ཤོས་སྡེ་ཚན་གྱིས་བཤད་དེ་ཡོདཔ་ཨིན།

ཁོང་ཆ་ཁྱབ་ཀྱིས་ ཉིནམ་༢ཀྱི་རིང་ལུ་འགོ་འདྲེན་འཐབ་མི་ ཇོ་མོ་ལྷ་རི་གངས་རི་དུས་སྟོན་གྱི་སྐབས་ལུ་ གླིང་བཞི་པའི་གཞས་མ་འདྲཝ་༥འཐེན་ཏེ་ཡོདཔ་ད་ གཞས་འདི་ཚུ་ཡང་ ད་རེས་ ཁོང་རའི་མི་སྡེ་ནང་ ཉམས་མ་འགྱོ་བར་ཡོད་མི་ཚུ་ཨིན་མས།

འདི་ཡང་ ཧེ་མ་ གཞས་ལྷམ་པ་མ་འདྲཝ་༡༣་འབད་ས་ལས་ ད་རེས་ གཞས་༥་དེ་ཅིག་རྐྱངམ་གཅིག་ ཉམས་མ་བཅུག་པར་ བདའ་འཛིན་འབད་ཚུགས་མི་འདི་ འཕྲལ་ཁམས་ཅིག་ལས་ གཞུང་གིས་ དུས་ཚོད་ཁར་ བར་འཛུལ་འབད་བའི་ཤུལ་ལུ་ ཨིནམ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ཧེ་མ་འབད་བ་ཅིན་ ཁོང་རའི་ཕམ་ཚུ་གིས་ རང་ལུགས་ཀྱི་བལ་གྱི་གྱོན་ཆས་ཚུ་ ཐགས་ནི་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ དེང་སང་གྱི་གོ་ལ་ཚུ་ གྱོན་ནི་ནང་སྤོ་བ་བསྐྱེད་ནི་འདི་གིས་ གཞས་འདི་འཁྲབ་ནི་གི་དོན་ལུ་ གྱོན་ཆས་ཚུ་ཡང་ ཐོབ་ཚུགས་མི་ཚུགས་དོ་ཡོདཔ་སྦེ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ གཞས་འདི་ཡང་ དུས་སྟོན་སྦོམ་ཤོས་ཚུ་གི་མ་དོ་བར་ གླིང་བཞི་རྒེད་འོག་ནང་ ལོ་བསྟར་བཞིན་དུ་རང་འགོ་འདྲེན་འཐབ་སྲོལ་ཡོད་མི་ ས་གནས་ཀྱི་དུས་སྟོན་ནང་ལུ་ཡང་ འཐེན་དོ་ཡོདཔ་ཨིན་མས།

གཏམ་རྒྱུད་ཚུ་ལས་འབད་བ་ཅིན་ གཞས་འཁྲབ་ནི་གི་སྲོལ་འདི་ཡང་ དུས་རབས་༡༧པའི་ནང་ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ལུ་འཕེབས་པའི་སྐབས་ལུ་ དར་ཁྱབ་སོང་ཡོད་པའི་ ལོ་རྒྱུས་ཚུ་བཤད་ནི་འདུག