གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

གཞལ་སྒང་ལུ་ ཕོ་སྐྱེས་ཅིག་གིས་ སྐམ་བྱཱ་བཏབ་ནི་ལཱ་ཚུ་འབད་བའི་བསྒང་།

སྤྱི་ཟླ་༡༡ པའི་ཚེས་ ༤ ༢༠༡༩

༉ རྒྱལ་ཁབ་ནང་ ཧེ་མ་ཚར་ཅིག་ སྐམ་བྱཱ་བཏབ་ནི་གི་ལཱ་ཚུ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་མ་ཚད་པར་ གཞལ་སྒང་དང་གསར་སྤང་རྫོང་ཁག་ནང་ལས་ཕར་ཡང་ ཁྱབ་ཆེཝ་སྦེ་རང་ འབད་སྲོལ་ཡོད་རུང་ མི་སེར་སོ་ནམ་པ་ཚུ་གིས་ སྐམ་བྱཱ་བཏབ་ནི་གི་ལཱ་འདི་ གྲོས་ཀྱིས་སྦེ་ བཤོལ་བཞག་སྟེ་ཡོདཔ་ཨིན།

ཨིན་རུང་ གཞལ་སྒང་རྫོང་ཁག་ ལམ་ཐང་གཡུས་ཚན་ནང་འབད་བ་ཅིན་ ད་ལྟོའི་བར་ན་ཡང་ སྐྱེས་ལོ་༨༠ལང་མི་ འཕྲིན་ལས་ཀྱིས་ སྐམ་བྱཱ་ཚུ་བཏབ་སྟེ་འདུག

ཁོ་གིས་ རྩེ་རི་བརྫམ་ཞིནམ་ལས་ བཏབ་སྟེ་ཡོད་པའི་སྐམ་བྱཱ་ཚུ་ཡང་ ད་རེས་ ཡུདཔ་ཅིག་ བསྡུ་རན་ཏེ་ཡོདཔ་ཨིན་མས།

འཕྲིན་ལས་ཀྱིས་སླབ་མི་ནང་ སྐམ་བྱཱ་གི་ལཱ་འདི་འབད་བའི་སྐབས་ གཞན་མི་ལྕང་ལཱ་ཚུ་བཟུམ་སྦེ་ ཞིང་ཆུ་དགོཔ་མེད་རུང་ གཞུང་གིས་ ནགས་ཚལ་མེ་རྐྱེན་ཤོར་འོང་ཟེར་མནོ་སྟེ་ རྩེ་རི་ཚུ་ བརྫམ་མི་སྟེར་དོ་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ གཡུས་ཚན་འདི་ནང་ལུ་ རྒས་ཤོས་དག་པ་ཅིག་གི་མ་གཏོགས་ མ་འོངས་པའི་བུ་རྒྱུད་ཚུ་གིས་ སྐམ་བྱཱ་ཚུ་ག་དེ་སྦེ་ བཏབ་དོ་ཡོདཔ་ཨིན་ན་ མི་ཤེས་ནི་མས་ཟེར་ཨིན་མས།

ད་རུང་ ཁོ་གིས་བཀོད་མི་ནང་ ད་རེས་ གཡུས་ཚན་འདི་ནང་ལུ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེ་བའི་གནད་དོན་འདི་ འཐོན་ཏེ་རང་ཡོད་རུང་ འདི་བཟུམ་གྱི་གདོང་ལེན་ལུ་མ་བལྟ་བར་ སྐམ་བྱཱ་བཏབ་ནི་གི་ལཱ་ཚུ་ བཀོ་མ་བཞག་པར་འབད་ནི་གི་ མནོ་བསམ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ཁོ་གིས་སླབ་མི་ནང་ སྐམ་བྱཱ་བཏབ་ནི་གི་ལཱ་འདི་ཡང་ སྤྱི་ཟླ་༥པའི་ནང་ལུ་འགོ་བཙུགས་པའི་ཤུལ་ལུ་ ད་རེས་ དུས་ཚོད་འ་ནཱེམ་ཅིག་ཁར་ བསྡུ་དོ་ཡོདཔ་སྦེ་ཨིན་མས།

ད་རེས་ གཞལ་སྒང་རྫོང་ཁག་ནང་ལུ་ ས་ཆ་ཨེ་ཀར་སྟོང་ཕྲག་༢ལྷགཔ་ཅིག་ནང་ལས་ཕར་ ལྕང་ལཱ་ཚུ་རྐྱབ་དོ་ཡོདཔ་ཨིན་རུང་ འཕྲིན་ལས་བཟུམ་སྦེ་ སྐམ་བྱཱ་གི་ལཱ་འབད་མི་འདི་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་མས།