གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོད་པའི་ཉེས་འཛུགས།

སྤྱི་ཟླ་༡༡ པའི་ཚེས་ ༤ ༢༠༡༩

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༡༧ལང་མི་བུཚུ་གཅིག་དང་ སྐྱེས་ལོ་༣༤ལང་མི་ཕོ་སྐྱེས་གཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་དཔའ་བཅམ་ཡོད་པའི་ ཉེས་འཛུགས་བཀལ་དོ་ཡོདཔ་ཨིན་མས།

གནད་དོན་འདི་གི་ཐོག་ལུ་ ཁོང་༢པོ་ཆ་རའི་རྩོད་གཞི་འདི་ འདས་པའི་ཟླཝ་ནང་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཀལ་ཏེ་ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་སྙན་ཞུ་དང་འཁྲིལཔ་ད་ དར་དཀར་ན་ལས་ སྐྱེས་ལོ་༡༧ལང་མི་བུཚུ་འདི་གིས་ འདས་པའི་ཟླཝ་ནང་ སྐྱེས་ལོ་༥ལང་མི་བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་དཔའ་བཅམ་ཡོད་པའི་ ཁ་ཉེས་བཀལ་ཏེ་འདུག

ད་རུང་ སྙན་ཞུ་འདི་དང་འཁྲིལ་པ་ཅིན་ ཁ་ཉེས་ཕོག་མི་དང་ བུམོ་ཅུང་འདི་གི་ཨ་པ་འདི་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་ལས་འགུལ་ནང་ ལཱ་མཉམ་ཅིག་འབད་དོ་ཡོདཔ་སྦེ་ཨིན་མས།

ཁ་ཉེས་ཕོག་མི་བུཚུ་འདི་གིས་ བུམོ་ཅུང་འདི་གི་ཨ་པ་འདི་ ཉི་མའི་ལྟོ་ཟ་ཞིན་ན་ གཟུགས་འཁྱུ་བར་འགྱོ་སྡོད་སྐབས་དང་ ཨའི་འདི་  ཁྱིམ་ནང་གི་ལཱ་ཚུ་འབད་དེ་སྡོད་པའི་བར་ན་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ སྙན་ཞུ་འདི་དང་འཁྲིལཔ་ད་ ཨའི་འདི་གིས་ མོ་རའི་བུམོ་ཅུང་འདི་ དོགས་པ་ཆགས་སུ་ཅིག་སྦེ་མཐོང་ཡོདཔ་ལས་ སྨན་ཁང་ནང་བསྐྱེལ་བའི་ཤུལ་མ་ བུམོ་ཅུང་འདི་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོད་པའི་རྟགས་མཚན་བཟུམ་ཅིག་ མཐོང་སྟེ་སྦེ་འདུག

འདི་གི་ཤུལ་ལས་ ཨའི་འདི་གིས་ གནད་དོན་འདི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་མས།

འདི་བཟུམ་གྱི་ གནད་དོན་གཞན་མི་ཅིག་ནང་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༣༤ལང་མི་ཕོ་སྐྱེས་ཅིག་གིས་ འདས་པའི་ཟླཝ་ནང་ སྐྱེས་ལོ་༣༠ལང་མི་ཨམ་སྲུ་འདི་ ནོར་འཚོ་སྟེ་སྡོད་པའི་སྐབས་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ་སྦེ་ཨིན་མས།

ཁ་ཉེས་ཕོག་མི་ཕོ་སྐྱེས་འདི་ཡང་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ཡོད་པའི་ སློབ་གྲྭ་གཅིག་གི་ནང་ལུ་ ཐབ་ཚངཔ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་མས།