གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

ཁང་མ་གཡུས་ཚན་ནང་ལུ་ རྒྱ་ནག་ཀོང་ཙེ་འདི་ དངུལ་ཐོག་གཙོ་བོ་ཅིག་ལུ་འགྱུར་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ པདྨ་དགའ་ཚལ་རྫོང་ཁག་ གཡུ་རུང་རྒེད་འོག་ ཁང་མ་གཡུས་ཚན་ནང་ལུ་ རྒྱ་ནག་ཀོང་ཙེ་འདི་ དངུལ་ཐོག་གཙོ་བོ་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་མས།

གཡུས་ཚན་འདི་ནང་ལུ་ འདས་པའི་ལོ་༡༠་དེ་ཅིག་གི་ཧེ་མ་ལས་ བཙུགས་ཏེ་ཡོད་མི་ རྒྱ་ནག་ཀོང་ཙེ་འདི་ ད་རེས་ ཡུདཔ་ཅི་ ཁྱིམ་གུང་ག་ར་གིས་ བཙུགས་ཏེ་སྦེ་འདུག

གཡུས་ཚན་འདི་ནང་ལུ་ རྒྱ་ནག་ཀོང་ཙེ་ རྒྱ་སྦོམ་སྦེ་བཙུགས་ཏེ་ཡོད་མི་ཚུ་ཡང་ རྟེན་གྲགས་ཀྱིས་ རྒྱ་ནག་ཀོང་ཙེ་གི་ལྕངམ་ཕུད་རྡོག་གཅིག་ བཙུགས་མི་གུ་ལས་ དར་ཁྱབ་འགྱོ་ཡོདཔ་ཨིན་མས།

ད་རེས་ ཁོ་གིས་ རྒྱ་ནག་ཀོང་ཙེ་ ས་ཆ་ཨེ་ཀར་༡་མ་ལངམ་ཅིག་ནང་ བཙུགས་ཏེ་ཡོདཔ་ད་ ཁོ་གིས་སླབ་མི་ནང་ རྒྱ་ནག་ཀོང་ཙེ་ འགོ་དང་པ་ ཁོང་ར་སྤྱོད་ནི་གི་དོན་ལས་ བཙུགས་ཡོདཔ་སྦེ་བཤད་ཅི།

ཨིན་རུང་ ཁོ་གིས་ རྒྱ་ནག་ཀོང་ཙེ་ཚུ་ ལེགས་ཤོམ་འཐོན་མི་ལུ་བལྟ་སྟེ་ གཡུས་ཚན་འདི་ནང་གི་ མི་སེར་གཞན་མི་ཚུ་གིས་ཡང་ གྲོས་ཀྱིས་སྦེ་ བཙུགས་ནི་འགོ་བཙུགས་ཡོདཔ་སྦེ་ཨིན་མས།

ད་རུང་ རྟེན་གྲགས་ཀྱིས་བཀོད་མི་ནང་ ཁོ་རའི་ཐོན་སྐྱེད་ཚུ་ གཡུ་རུང་སློབ་གྲྭ་ལྟེ་བ་ནང་ལུ་ རྒྱ་ནག་ཀོང་ཙེ་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠་དང་ གཡུས་ཁའི་མི་ཚུ་ལུ་ དངུལ་ཀྲམ་༣༠་དེ་རེ་སྦེ་ བཙོང་དོ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ གཡུས་ཚན་འདི་ནང་གི་ མི་སེར་ཚུ་གིས་ཡང་ རྒྱ་ནག་ཀོང་ཙེ་ཀི་ལཱ་འདི་ རྒྱ་སྦོམ་སྦེ་རང་འབད་ནི་གི་ སེམས་ཤུགས་ཐོབ་སྟེ་འདུག

འདི་ཡང་ མི་སེར་ཚུ་གིས་སླབ་མི་ནང་ ཁོང་རའི་གཡུས་ཁ་ལུ་ འཁོར་ལམ་གྱི་མཐུན་རྐྱེན་ ལྷོད་དེ་ཡོད་མི་དང་ རྒྱ་ནག་ཀོང་ཙེ་གི་ལཱ་འབད་བའི་སྐབས་ དཀའཝ་དེ་ཅིག་རང་ དཔྱད་མ་དགོ་ནི་འདི་གིས་ ཨིནམ་སྦེ་བཤད་ཅི།

གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ ད་ལས་ཕར་ རྒྱ་ནག་ཀོང་ཙེ་གི་ཐོན་སྐྱེད་ ཡར་དྲག་བཏང་ནི་གི་འཆར་གཞི་ཡོད་མི་དང་འབྲེལ་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ཡང་ མི་སེར་ཚུ་ལུ་ རྒྱ་ནག་ཀོང་ཙེ་གི་གསོན་ཚུ་ བྱིན་ཏེ་རྒྱབ་སྐྱོར་ཚུ་ འབད་དེ་ཡོདཔ་ཨིན་མས།