གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

ཝང་ཆུ་གི་མཐའ་མར་ ཆུ་བྱ་ཕོཝ་དཀརཔོ་ཆགས་མི་འདི་ ས་ཁ་མཐོ་ཅིག་ཨིན་པའི་ཐོ་བཀོད།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ ཐིམ་ཕུག་ བར་པའི་ས་ལུ་ ཁ་ཙ་ ཝང་ཆུ་གི་མཐའ་མར་ ཆུ་བྱ་ཕོཝ་དཀརཔོ་ཅིག་ ཆགས་མི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཀྲར་༢༢༣༠་གི་ས་ཁར་ཆགས་ཏེ་ཡོདཔ་ལས་ ས་ཆ་མཐོ་ཤོས་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་སྦེ་ ཐོ་བཀོད་འབད་ནུག

རྒྱལ་འཛིན་རང་བཞིན་སྲུང་སྐྱོབས་ཚོགས་སྡེ་གིས་ འདས་པའི་ཐོ་བཀོད་བཞག་མི་དང་འཁྲིལཔ་ད་ ཆུ་བྱ་ཚུ་ མང་སྡེ་དང་ཆུ་དང་ སྤུ་ན་གཙང་ཆུ་གི་མཐའམ་བདའ་སྟེ་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཀྲར་༡༨༠༠་མན་ཆད་ལུ་ འཁྱམས་དོ་ཡོདཔ་ཨིན་རུང་ ཐིམ་ཆུ་བཟུམ་གྱི་ ས་ཆའི་གནས་སྟངས་ཚུ་ནང་ལས་ཕར་ ཆགས་ནི་མེདཔ་སྦེ་ཨིན་མས།

འདི་ལུ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབས་ཚོགས་སྡེའི་ ཞིབ་འཚོལ་ལས་ཚན་གྱི་ གཙོ་བོ་འཛིན་ ཨིནྡྲ་ཨ་ཅཱར་ཇ་ ཆུ་བྱག་འདི་ ས་ཁ་མཐོ་ས་ལས་ཕར་ འཕྲོ་མཐུད་དེ་ར་ཁྱམས་སྡོད་པ་ཅིན་ མཐའ་འཁོར་དང་ གནམ་གཤིས་འགྱུར་འདྲོད་ལས་བརྟེན་ཏེ་ ཨིན་ཟེར་སླབ་ཚུགས་ནི་ཨིན་རུང་ ཆུ་བྱག་འདི་ ད་ས་དྲོ་པ་ལས་ མཐོང་ནི་མེད་མི་ལུ་བལྟ་བ་ཅིན་ ལམ་འཛོལ་ཏེ་ འོང་འོངམ་བཟུམ་ཅིག་འདུག་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་ ཆུ་བྱ་འདི་ སྤུ་ན་གཙང་ཆུ་གི་མཐའ་མར་ ཆགས་ཏེ་ཡོདཔ་སྦེ་མཐོང་ཡོདཔ་ཨིན་རུང་ ད་ལྟོ་འགོ་དཔོན་ཚུ་གིས་ ཁ་ཙ་མཐོང་མི་ ཆུ་བྱ་འདི་ཨིན་ན་མེན་ན་ གཏན་འཁེལ་སྦེ་ མ་ཤེས་པར་ཡོདཔ་སྦེ་ཨིན་མས།

ཧེ་མ་ སྤྱི་ལོ་༢༠༡༦་ལུ་ཡང་ བཀྲིས་གཡང་རྩེ་རྫོང་ཁག་ རྡོག་སུམ་ལུ་ཡང་ ཆུ་བྱ་ཕོཝ་དཀརཔོ་ཅིག་ ཆགས་ཏེ་ཡོདཔ་སྦེ་མཐོང་ནུག

ཆུ་བྱ་ཕོཝ་དཀརཔོ་འདི་ འཛམ་གླིང་ནང་ལུ་ ཉམས་འགྱོ་ནི་གི་ཉེན་ཁ་ཡོད་པའི་ བྱའི་རིགས་ཅིག་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ལུ་ འདི་བཟུམ་གྱི་ཆུ་བྱ་༢༥་ཡོདཔ་ཨིན་མས།

འབྲུག་རྒྱལ་ཁབ་ནང་ལུ་ ཆུ་བྱ་ཕོ་དཀརཔོ་ འགོ་དང་པ་རང་ སྤྱི་ལོ་༡༩༧༦་ལུ་ མཐོང་ཡོདཔ་ཨིན་མས།