གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

མི་དབང་རྒྱལ་ཡུམ་མཆོག་གིས་ སྤུ་ན་ཁ་གི་སློབ་ཕྲུག་ཚུ་ལུ་ གཞོན་སྐྱེས་དང་འབྲེལ་བའི་འདོད་སྤྱོད་དང་ སྐྱེ་རྒྱུན་འཕྲོད་བསྟེན་ཚུ་གི་སྐོར་ལས་ བཀའ་སློབ་བཟང་པོ་ཚུ་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༦ ༢༠༡༩

༉ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གཟའ་སྤེནམ་གི་ཚེ་ སྤུ་ན་ཁ་ལུ་ རྫོང་ཁག་འདི་ནང་གི་སློབ་གྲྭ་༥གི་སློབ་ཕྲུག་༦༠༠ ལྷགཔ་ཅིག་ལུ་ གཞོན་སྐྱེས་དང་འབྲེལ་བའི་འདོད་སྤྱོད་དང་ སྐྱེ་རྒྱུན་འཕྲོད་བསྟེན་གྱི་གནད་དོན་ཚུ་གུ་ གསུང་བཤད་གནང་ནུག

མི་དབང་རྒྱལ་ཡུམ་མཆོག་གིས་ ན་གཞོན་དང་སློབ་ཕྲུག་ཚུ་ལུ་གསུང་མི་ནང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་དང་ མི་སྡེ་བརྡ་བརྒྱུད་ཚུ་ལུ་བརྟེན་ཏེ་ ན་གཞོན་དང་འབྲེལ་བའི་གནད་དོན་ཚུ་ལུ་ ཚ་འགྱང་ཡོདཔ་སྦེ་གསུང་ཡི།

ད་རུང་ མི་དབང་རྒྱལ་ཡུམ་གྱིས་ ད་རེས་ནངས་པ་གཞུང་དོན་སྙན་ཞུ་ཚུ་ནང་ལུ་ སྨྱོ་རྫས་ལོག་སྤྱོད་དང་ དབང་བཙོང་འདོད་སྤྱོད་ ཁྲིམས་འགལ་གྱི་བྱ་ངན་དང་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ དེ་ལས་ ཨ་ལུ་ཆགས་མི་དང་ ཨ་ལུ་བཏོན་གཏང་མི་དང་འབྲེལ་བའི་གནོད་དོན་ཚུ་ཡར་སེང་འགྱོ་དོ་ཡོདཔ་སྦེ་གསུང་ཡི།

འདི་གི་སྦེ་ མི་དབང་རྒྱལ་ཡུམ་གྱིས་ ན་གཞོན་ཚུ་ལུ་ རང་སོའི་མི་ཚེ་འདི་ འཕྲོད་བསྟེན་དང་ལྡནམ་སྦེ་བཞག་ནི་དང་ ལྕོགས་གྲུབ་ཅན་སྦེ་བཟོ་ནིའི་དོན་ལུ་ གདམ་ཁ་ལེགས་ཤོམ་ཚུ་བརྐྱབ་དགོཔ་ཁག་ཆེཝ་སྦེ་ ཞལ་བཀོད་ཚུ་གནང་ཡི།

འདི་བཟུམ་སྦེ་ སློབ་དཔོན་ཚུ་ལུ་ཡང་ མ་འོངས་རྒྱལ་ཁབ་ཀྱི་སྲོག་ཤིང་ ན་གཞོན་ཚུ་ལུ་ བསླབ་བྱ་དང་ལམ་སྟོན་ཚུ་ ལེགས་ཤོམ་སྦེ་བྱིན་དགོ་པའི་སྐོར་ལས་ཡང་གསུང་གནང་ཡི།

མི་དབང་རྒྱལ་ཡུམ་མཆོག་གྱིས་གསུང་མི་ནང་ ན་གཞོན་ཚུ་གིས་ རང་ཁག་ཆེ་བའི་ནམ་དུས་ལུ་ རང་རྐྱངམ་ཅིག་སྦེ་ དཀའ་སྡུག་མྱོང་སྟེ་སྡོད་ནི་མེན་པར་ གདོང་ཁ་བཟང་སྟེ་སྦེ་ འབྲེལ་བ་ཡོད་པའི་མི་ངོམ་ཚུ་ལས་ རྒྱབ་སྐྱོར་དང་ ཁ་བཀོད་བསླབ་བྱ་ཚུ་ལེན་དགོཔ་སྦེ་གསུང་ཡི།

འདི་དང་ཅིག་ཁར་ ལས་རིམ་འདི་གི་སྐབས་ལུ་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ ཀ་ནིམ་གྱིས་ཡང་ ན་གཞོན་ཚུ་ལུ་ རྒྱལ་སྤྱི་གི་གནས་སྟངས་དང་མཐུནམ་སྦེ་ སྡོད་དགོཔ་སྦེ་ལམ་སྟོན་བྱིན་ཡི།

ད་རུང་ མོ་གིས་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱིས་ ན་གཞོན་ཚུ་གི་དོན་ལས་ འཆར་གཞི་ག་དེ་སྦེ་རང་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ཡང་བཤད་དེ་ཡོདཔ་ད་ འདི་ཡང་ དམིགས་གསལ་ཨམ་སྲུ་དང་བུམོ་ དེ་ལས་ ན་གཞོན་ཚུ་གི་མི་ཚེ་འདི་ བསྒྱུར་བ་བཟོ་འདི་ཨིནམ་སྦེ་བཤད་ཅི།

ལས་རིམ་གྱི་སྐབས་ལུ་ སློབ་ཕྲུག་ཚུ་གིས་ ཉིན་བསྟར་ཞིན་དུ་ ན་གཞོན་ཚུ་ལུ་ གདོང་ལེན་བྱུང་དོ་ཡོད་པའི་གནད་དོན་གྱི་ཐོག་ལུ་ འཁྲབ་སྟོན་གྱི་ལས་རིམ་ཡང་སྤྱན་འབུལ་ཕུལ་ནུག