གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

ཕུན་ཚོགས་གླིང་ལུ་ ཚད་ནད་འཐོབ་མི་ ཕྱད་ཀ་དེ་ཅིག་གིས་མར་ཕབ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༩

༉ ཕུན་ཚོགས་གླིང་ལུ་ དུས་ཅི་ ཚད་ནད་འགོ་དང་པ་ཐོན་ཏེ་སྦེ་ ཟླཝ་གསུམ་འགྱོ་བའི་ཤུལ་ལུ་ ད་རེས་ནངས་པ་ ནད་གཞི་ཐོབ་དོ་ཡོད་པའི་སྙན་ཞུ་འདི་ མར་ཕབ་འགྱོ་ནི་འགོ་བཙུགས་ཏེ་འདུག

དུས་ཅི་ ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ མི་སྟོང་ཕྲག་༣་ལྷགཔ་ཅིག་ལུ་ ཚད་ནད་ཐོབ་མི་འདི་ རྒྱལ་ཁབ་ནང་ལུ་ མཐོ་ཤོས་ཅིག་ཨིནམ་སྦེ་བཤད་ཅི།

འདི་ཡང་ དངས་ཞག་ ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ གཟའ་མིག་དམར་ཨ་རྟག་རང་ ཚད་ནད་ཐོབ་མི་༧༠ལྷགཔ་ཅིག་ ངོས་འཛིན་འབད་ས་ལས་ ད་རེས་ཡུདཔ་ཅིག་ ཕྱད་ཀ་དེ་ཅིག་རང་མར་ཕབ་འགྱོ་སྟེ་ ཡོད་ནི་འདི་གིས་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ཞིབ་འཇུག་འགོ་འདྲེན་འཐབ་པའི་སྐབས་ ཚད་ནད་ཁྱབ་སྤེལ་བཏང་མི་གཟན་དོམ་འདི་གིས་ སྒོང་རྡོག་འདི་ཚུ་ཡང་ མང་ཤོས་ཅིག་རང་ ཁྱིམ་ནང་ན་ཡོད་པའི་ མེ་ཏོག་གི་དམ་སྦྱིས་དང་ ཆུ་བཀང་བཞག་སའི་ཧོད་ དེ་ལས་ ཁྱེགས་སྒྲོམ་ཚུ་ནང་ལས་ཕར་འབུད་དོ་ཡོདཔ་སྦེ་ གསལ་སྟོན་འབྱུང་ནུག

འདི་འབདཝ་ལས་ ནད་གཞི་འདི་ཚད་འཛིན་འབད་ནི་གི་དོན་ལུ་ དྲུང་ཁག་གསོ་བའི་སྡེ་ཚན་གྱིས་ ཁྱིམ་ནང་ལུ་སྨན་བཏོར་ནི་དང་ གཟན་དོམ་གྱི་སིལ་རས་བཀྲམ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་བརྒྱུད་དེ་ གོ་བརྡ་སྤྲོད་ཚུ་ཡང་ འབད་ནི་གི་ལས་རིམ་འདུག

ཨིན་རུང་ མཐའ་འཁོར་ལས་ཕར་ གཟན་དོམ་འདི་ཚུ་ཁྱབ་སྤེལ་འགྱོ་ནི་འདི་ སྨན་བཏོར་མི་དང་ ཕྱགས་བརྡར་རྐྱབ་མི་ དེ་ལས་ གོ་བརྡ་སྤེལ་མི་འདི་གིས་ ཕན་ཐོགས་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

སྨན་ཁང་གིས་འབད་བ་ཅིན་ འདི་བཟུམ་གྱི་ནད་གཞི་ཐོན་པའི་སྐབས་ གྲ་སྒྲིག་འབད་སྡོད་ནི་གི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ཡུན་རིང་གི་ཐབས་བྱུས་ལུ་ ལཱ་འབད་དོ་ཡོདཔ་སྦེ་བཤད་ཅི།

འདི་ཡང་ གནམ་བྱཱ་ཆརཔ་རྐྱབ་ནི་འགོ་མ་བཙུགས་པའི་ཧེ་མ་ལས་ གཟན་དོམ་སྤེལ་སའི་ས་སྒོ་ཚུ་མེདཔ་བཟོ་ནི་དང་ གསོ་བའི་ལས་བྱེདཔ་ཚུ་ལུ་ ཚད་ནད་འཛིན་སྐྱོང་གྱི་ལྕོགས་གྲུབ་ཡར་སེང་འབད་ནི་ དེ་ལས་ སྔོན་བརྡའི་ལམ་ལུགས་ཡར་དྲག་བཏང་ནི་དང་ ཞིབ་དཔྱད་དང་སྙན་ཞུ་འབད་ནི་གི་ ལམ་ལུགས་ལེགས་ཤོམ་བཟོ་ནི་ཚུ་ ཚུདཔ་ཨིན་མས།

འདི་བཟུམ་སྦེ་ སྤྱི་ལོ་༢༠༢༡ལས་ ཚད་ནད་ཐོན་ནི་ལས་ ཚད་འཛིན་འབད་ནི་གི་དོན་ལུ་ ཕུན་ཚོགས་གླིང་དྲུང་ཁག་དང་ཁྲོམ་སྡེ་གི་དོན་ལུ་ མ་དངུལ་ཡང་སོ་སོ་འབད་རང་ བགོ་བཀྲམ་འབད་ནི་སྦེ་འདུག

དུས་ཅི་ སྤྱི་ཟླ་༡༠པའི་སྤྱི་ཚེས་༣ཚུན་ རྒྱལ་ཁབ་ནང་ལུ་ ཚད་ནད་འདི་མི་སྟོང་ཕྲག་༤དང་༢༠༠ལྷགཔ་ཅིག་ལུ་ ཐོབ་ཡོད་པའི་སྙན་ཞུ་ཡོདཔ་ད་ ནད་གཞི་འདི་ལས་བརྟེན་ཏེ་ མི་དྲུག་ལུ་ཤི་རྐྱེན་བྱུང་ནུག

འབྲུག་ལུ་ སྤྱི་ཟླ་༤པ་ལས་སྤྱི་ཟླ་༡༡པ་ཚུན་ ཚད་ནད་ཐོབ་དོ་ཡོདཔ་ད་ འདི་ཡང་ དུས་ཚོད་འདི་གི་སྐབས་ལུ་ གཟན་དོམ་ཚུ་སྤེལ་ནི་གི་དུས་ཚོད་ཅིག་འབད་ནི་འདི་གིས་ ཨིནམ་སྦེ་བཤད་ཅི།