གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་འདི་ རེ་བ་བསྐྱེད་དོ་བཟུམ་སྦེ་ར་འགྱོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་གསུང་མི་ནང་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་འདི་ནང་ལུ་ རེ་བ་བསྐྱེད་དོ་བཟུམ་སྦེ་རང་འགྱོ་སྟེ་ཡོདཔ་མ་ཚད་ མནོ་དོན་ཡང་ མང་ཤོས་ཅིག་རང་གྲུབ་ཚུགས་ཏེ་ ཡོདཔ་སྦེ་གསུང་ཡི།

བློན་ཆེན་དང་འཐུས་མི་སྡེ་ཚན་འདི་ ནིའུ་ཡོག་ལུ་སྦེ་འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ཐེངས་༧༤པ་ནང་ལུ་གྲལ་བཞུགས་གནང་པའི་ཤུལ་ རྒྱལ་ཁབ་ནང་ལུ་ ཁ་ཉིནམ་ ལོག་ཕེབས་པའི་ཤུལ་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ ཚོགས་གནང་ཡི།

འདི་བསྒང་ བློན་ཆེན་གྱིས་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ཀྱི་གྲོས་གཞི་འདི་ འབྲུག་གི་དོན་ལུ་འོས་འབབ་ཡོད་པའི་ གྲོས་གཞི་ཚུ་ཨིནམ་མས་ཟེར་གསུང་ཡི།

འདི་ཡང་ འབྲུག་གི་དོན་ལུ་དབུལ་ཕོངས་དང་ཤེས་རིག་ དེ་ལས་ གསོ་བ་དང་གནམ་གཤིས་འགྱུར་བའི་ཐད་ཁར་ ལོ་རྒྱུས་ཚུ་སླབ་པའི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ མནོ་བསམ་བཏང་ཞིན་ན་སླབ་པའི་བསྒང་ལས་ ལེགས་ཤོམ་སྦེ་ར་ འགྱོ་བཏུབ་པས་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ འབྲུག་རྒྱལ་ཁབ་ཀྱིས་ནགས་ཚལ་གྱི་ཁྱབ་ཚད་འདི་ དུས་གཏན་ཀྱང་རང་བརྒྱ་ཆ་༦༠བཞག་དགོཔ་སྦེ་ཡོད་མི་དང་ ཕྲལ་ཁམས་ཅིག་ལས་སློབ་དཔོན་གྱི་ལཱ་འགན་འབག་མི་ཚུ་ལུ་ དངུལ་ཕོགས་མཐོ་ཤོས་ཐོབ་སྦེ་བཟོ་སྟེ་ཡོད་མི་འདི་ བཅའ་མར་གཏོགས་མི་ཚུ་ལས་ ངལ་རང་འབྱུང་པའི་གཞི་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་གསུང་ཡི།

བློན་ཆེན་གྱིས་གསུང་མི་ནང་ ཁོང་ཆ་ཁྱབ་ཀྱིས་ གནམ་གཤིས་དང་ལེན་ཞལ་འཛོམས་ནང་ལུ་ འབྲུག་རྒྱལ་ཁབ་འདི་ ནག་རླུང་ཀར་བཱོན་མེད་པའི་རྒྱལ་ཁབ་ཅིག་དང་ ནགས་ཚལ་གྱི་ཁྱབ་ཚད་འདི་ཡང་ བརྒྱ་ཆ་༧༢ཡོད་ས་ལས་བརྒྱ་ཆ་༥༠དེ་ཅིག་ རྒྱལ་ཡོངས་གླིང་ག་དང་སྲུང་སྐྱོབ་ས་ཁོངས་སྦེ་ བཟོ་སྟེ་ཡོད་ཟེར་སླབ་པའི་སྐབས་ལུ་ ཁོང་ཆ་ཁྱབ་ གནམ་མེད་ས་མེད་ངལ་རང་སྟེ་ ཡོདཔ་སྦེ་ཨིན་མས།

འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ཀྱི་ རྩོད་བསྡུར་སྐབས་ལུ་ བློན་ཆེན་གྱིས་ སྤྱི་ལོ་༢༠༣༠གི་ནང་འཁོད་ གསོ་བའི་ཁྱབ་ཚད་འདི་ བརྒྱ་ཆ་ལས་བརྒྱ་སྦེ་རང་གྲུབ་ཚུགསཔ་སྦེ་འབད་འོང་ཟེར་ ཁས་ལེན་འབད་དེ་ཡོདཔ་མ་ཚད་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་ཐད་ཁར་ཡང་ སྤྱི་ལོ་༢༠༢༠ལུ་ཁས་བླངས་ཀྱི་ཐོག་ལས་ རྒྱལ་ཡོངས་ཀྱི་ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་ནི་སྦེ་ ཁས་ལེན་འབད་དེ་འདུག