གཟའ་ཟླ་བ། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༢༣

འབྲུག་མི་ཚུ་ ཀེ་ན་ཌ་ལུ་ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནི་གི་གོ་སྐབས།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ འབྲུག་མི་མང་ཤོས་ཅིག་གིས་རང་ ཀེ་ན་ཌ་ལུ་ ཤེས་ཡོན་སྦྱང་ནི་དང་ལཱ་འབད་ནི་གི་གོ་སྐབས་ཚུ་ ཐོབ་ནི་བཟུམ་ཅིག་ ཡོདཔ་ཨིན་མས།

འདི་ཡང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་གསུང་མི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཞལ་འཛོམས་སྐབས་ལུ་ ཀེ་ན་ཌ་གིས་ཁ་ཐུག་ལས་ འབྲུག་མི་ཚུ་ ཤེས་ཡོན་སྦྱང་ནི་དང་ལཱ་འབད་ནི་གི་དོན་ལུ་ལེན་ནི་སྦེ་ ཞལ་འཆམ་བྱུང་སྟེ་ཡོད་ཟེར་ཨིན་མས།

ད་རུང་ བློན་པོ་གིས་གསུང་མི་ནང་ ཀེ་ན་ཌ་ལུ་ སློབ་གཉེར་གྲོགས་རམ་གྱི་ཐོག་ལས་ ཤེས་ཡོན་སྦྱང་མི་གི་གྱངས་ཁ་འདི་ གཏན་འཁེལ་སྦེ་མ་འགྱོ་བར་ཡོད་རུང་ སློབ་ཕྲུག་སྟོང་ཕྲག་༡་དེ་ཅིག་ལུ་ ཆོས་བལྟ་ནི་གི་གོ་སྐབས་ཚུ་ ཐོབ་ཚུགས་ཟེར་གསུང་ཡི།

འདི་གི་དོན་ལས་ དཱེ་ལི་ལུ་ སྐྱོད་ཐམ་བཟོ་ནི་གི་ལཱ་ཚུ་ཡང་ ཀེ་ན་ཌ་གཞུང་གིས་སྦེ་ འབད་ནི་ཨིན་མས།

འདི་བཟུམ་སྦེ་ བློན་པོ་གིས་གསུང་མི་ནང་ ཁོང་ཆ་ཁྱབ་ཀྱིས་ སློབ་གཉེར་གཡི་གྲོགས་རམ་ཚུ་ཡང་ ལག་ཤེས་སྦྱོང་བརྡར་དང་ གཙུག་ལག་གཞི་རིམ་ དེ་ལས་ གཙུག་ལག་མཐོ་རིམ་གྱི་ཤེས་ཡོན་སྦྱང་མི་ གནས་ཚད་ག་རའི་དོན་ལུ་ ལོ་༢་ཀྱི་རིང་ལུ་བྱིན་ནི་ཨིན་མས།

ཀེ་ན་ཌ་ལུ་ ལོ་༢་ཀྱི་རིང་ལུ་ ཤེས་ཡོན་སྦྱང་ཚར་བའི་ཤུལ་ལུ་ ཀེ་ན་ཌ་ལུ་སྡོད་དེ་ར་ ལོ་༣་གྱི་རིང་ལུ་ ལཱ་འབད་ནི་གི་ གོ་སྐབས་ཚུ་ འཐོབ་ཚུགས་ནི་ཨིན་མས།