གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ཨ་ལུ་ཚུ་གི་ལྷབ་སྦྱང་གི་དོན་ལུ་ ཕམ་ལུ་སྦྱོང་བརྡར་འབྱིན་མི་འདི་གིས་ ཨ་ལུ་སྟོང་ཕྲག་༦༠ དེ་ཅིག་ལུ་ཕན་ཐོགས།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

༉ མཁས་མཆོག་ཚུ་དང་འཁྲིལཔ་ད་ འབྲུག་པའི་ཕམ་མང་ཤོས་ཅིག་གིས་རང་ ཨ་ལུ་རྨས་མ་བཏགསཔ་ཚུ་གིས་ དྲི་བ་བཀོད་པའི་སྐབས་ ལན་མ་སླབ་པར་སྡོད་དོ་ཡོདཔ་ད་ དེ་སྦེ་སྣང་མེད་སྦེ་བཞག་མི་འདི་གིས་ ཨ་ལུའི་གོང་འཕེལ་གྱི་ནང་ལུ་ཐོ་ཕོག་དོ་ཡོདཔ་མ་ཚད་ ཕ་མའི་སྐྱོང་གཞག་འདི་ཡང་ ལེགས་ཤོམ་ཅིག་མེན་ཟེར་ཨིན་མས།

འདི་འབདཝ་ལས་ གསོ་བའི་ལྷན་ཁག་གིས་ སེཕ་དཱ་ཆཱིལ་ཌེན་དང་མཉམ་འབྲེལ་འབད་དེ་ ཨ་ལུ་ཚུ་གི་ལྷབ་སྦྱང་གི་དོན་ལུ་ ཕམ་ཚུ་གིས་ ཨ་ལུ་ཚུ་དང་ཆ་ རྩེདམོ་རྩེད་ནི་གི་ལས་འགུལ་ཅིག་ འགོ་བཙུགས་ཏེ་འདུག

ལས་འགུལ་འདི་གིས་ ཨ་ལུ་ཚུ་ལུ་ རྩེདམོ་གི་ཐོག་ལས་ ལྷབ་སྦྱང་ཚུ་ ག་དེ་སྦེ་འབད་བཅུག་ནི་ཨིན་ན་གི་སྐོར་ལས་ ཕམ་ཚུ་ལུ་ སྦྱོང་བརྡར་ཚུ་འབྱིན་ནི་ཨིན་མས།

ལས་རིམ་འདི་ཡང་ གསོ་བའི་ལྷན་ཁག་གིས་ ན་ཧིང་ སྤ་རོ་དང་སྤུ་ན་ཁ་ལུ་ ཨ་ལུ་སྐྱེས་ལོ་༣མན་ཆད་ བདག་འཛིན་འཐབ་མི་ཚུ་དང་ཆ་ ཨ་ལུའི་གོང་འཕེལ་གྱི་མོ་བཏབ་ལས་རིམ་བཟུམ་གྱི་ ལས་རིམ་ཅིག་ཨིན་ཟེར་བཤད་ཅི།

གསོ་བའི་ལྷན་ཁག་འོག་གི་ འབུ་ནད་སྡེ་ཚན་ནང་ལས་ ལས་རིམ་ཞིབ་དཔྱད་པ་ ལྕགས་སྐྱུ་ཚེ་རིང་གིས་སླབ་མི་ནང་ ད་རེས་ ལས་རིམ་འདི་ རྒྱལ་ཡོངས་ཀྱི་ནང་ལུ་ ག་ར་ཁྱབ་སྦེ་ བཟོ་ནི་ནང་གཙོ་བོར་བསྟེན་ཏོ་ཡོདཔ་སྦེ་བཤད་ཅི།

ལས་འགུལ་འདི་གི་འོག་ལུ་ ཕམ་ཚུ་གིས་ ཨ་ལུ་ཚུ་དང་ཅིག་ཁར་ རྩེདམོ་རྩེད་ནི་དང་ ཨ་ལུ་ཚུ་གིས་ ག་ཅི་རང་དྲི་རུང་ ལན་ཚུ་སླབ་འབྱིན་ཞིན་ན་ དུས་ཚོད་གངམ་འབྱིན་ ཚུགས་ནི་ཨིན་མས།

མཁས་པ་ཚུ་གིས་སླབ་མི་ནང་ ཨ་ལུ་ཚུ་གི་ཀླདཔ་འདི་ གོང་འཕེལ་འགྱོ་བའི་བསྒང་འབདཝ་ལས་ ག་ཅི་རང་སྟོན་རུང་ འདི་འཕྲོ་ལས་རང་ ཤེས་ཚུགས་དོ་ཡོདཔ་ལས་ ཕམ་ཚུ་གིས་ཡང་ ཨ་ལུའི་གོང་འཕེལ་གྱི་དོན་ལུ་ དུས་ཚོད་འབྱིན་དགོཔ་འདི་ ཁག་ཆེ་ཟེར་བཤད་ཅི།

ལོ་ངོ་གསུམ་གྱི་ལས་འགུལ་འདི་ཡང་ ཌེན་མྷག་ལུ་ཡོད་པའི་ རྩེད་ཆས་བཟོ་མི་གི་གཞི་ཚོགས་ཀྱིས་ མ་དངུལ་ དངུལ་ཀྲམ་ས་ཡ་༦༣གྱི་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཨིན་མས།

ལས་འགུལ་འདི་ཡང་ རྫོང་ཁག་ཚུ་ནང་ལས་ཕར་ཡོད་པའི་ གསོ་བའི་ལས་བྱེདཔ་ཚུ་གིས་ ཕམ་ཚུ་ལུ་ ཨ་ལུ་ཚུ་དང་ཆ་ རྩེདམོ་གི་སྒོ་ལས་ འབྲེལ་བ་འཐབ་ཐངས་ཚུ་གི་སྐོར་ལས་ སྟོན་འབྱིན་ནི་ཨིན་མས།

ལས་འགུལ་འདི་མཇུག་བསྡུ་བའི་བསྒང་ལས་ གསོ་བའི་ལྷན་ཁག་གིས་ སྤྱིར་བཏང་གསོ་བའི་ཞབས་ཏོག་གི་གྲངས་སུ་ བཙུགས་ནི་གི་འཆར་གཞི་ཡོདཔ་ད་ ལས་རིམ་འདི་ལས་བརྟེན་ཏེ་ སྐྱེས་ལོ་༣མན་ཆད་འབད་མི་ ཨ་ལུ་སྟོང་ཕྲག་༦༠དེ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་འདུག