གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

བསམ་རྩེལུ་ སྟོབ་སྟོན་པ་མེདཔ་ལས་ ཨ་ལུ་གཅེས་སྐྱོང་ལྟེ་བ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ བསམ་རྩེ་རྫོང་ཁག་ རྣམ་རྒྱལ་ཆོས་གླིང་དང་ གསང་སྔགས་ཆོས་གླིང་རྒེད་འགོ་ནང་ལུ་ཡོད་པའི་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་༧་གི་ནང་ལུ་ སློབ་སྟོན་པ་ ཕུད་རྡོག་གཅིག་ཡང་མེདཔ་ལས་ མཐུན་རྐྱེན་འདི་ གཡོག་བཀོལ་མ་ཚུགས་པར་འདུག

གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ དོན་ཚན་གཙོ་བོ་ཅིག་སྦེ་ གྲོས་བསྡུར་འབད་དེ་ཡོདཔ་ཨིན།

འཐུས་མི་ཚུ་གིས་བཀོད་མི་ནང་ ལྟེ་བ་འདི་ འཕྲོ་མཐུད་དེ་རང་ ལག་ལེན་འཐབ་མ་ཚུགས་པ་ཅིན་ མཐུན་རྐྱེན་ཚུ་ ཕྱུག་ཟད་མི་འགྱོ་ག་ཟེར་བའི་ ཚ་འགྱང་ཚུ་བཤད་དེ་ཡོདཔ་ཨིན།

ཚོགས་བཞུགས་ཀྱི་སྐབས་ལུ་ རྣམ་རྒྱལ་ཆོས་གླིང་གི་རྒཔོ་ རཱཊ་ན་བྷ་དུར་ག་ལེགས་ཀྱི་་བཀོད་མི་ནང་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཚུ་ ལག་ལེན་འཐབ་ཚུགས་པའི་ རེ་འདུན་གྲུབ་ཐབས་ལུ་ ལོ་ལྷགཔ་ཅིག་གི་ཧེ་མ་ ཨ་ལུའི་ཕམ་ཆ་ཁྱབ་ལུ་ གོ་བ་བརྡ་སྤྲོད་ཀྱི་སྦྱོང་བརྡར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ གསང་སྔགས་ཆོས་གླིང་རྒཔོ་ ཀཱེལ་ཡཎ་པར་དཱན་གྱིས་སླབ་མི་ནང་ མཐུན་རྐྱེན་འདི་ནང་ལུ་ ཅ་ཆས་ཚུ་ཡང་ ལོ་༢་ལྷགཔ་ཅིག་ཧེ་མ་ལས་ མཁོ་སྒྲུབ་འབད་དེ་ཡོདཔ་ལས་ ད་རེས་ མི་ཚུ་གིས་ ལྟེ་བ་འདི་ ནམ་ལས་འགོ་བཙུགས་ནི་སྨོ་ཟེ་བའི་ དྲི་བ་ཚུ་བཀོད་དོ་ཡོདཔ་སྦེ་ཨིན་མས།

འདི་ལུ་ བསམ་རྩེ་རྫོང་ཁག་གི་ ཤེས་རིག་གཙོ་འཛིན་འགོ་དཔོན་ ཀརྨ་བསོད་ནམས་ཆོས་འཕེལ་གྱི་སླབ་མི་ནང་ ཁོང་ཆ་ཀྱབ་ཀྱིས་ ཤེས་རིག་ལྷན་ཁག་ལུ་ ཨ་ལ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ནང་ལུ་ སློབ་སྟོན་པ་གསརཔ་བཙུགས་ནི་གི་དོན་ལས་ ཡི་གུ་ཚུ་ བཙུགཔ་བཙུགས་ས་ར་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ལྷན་ཁག་གིས་ དུས་ནམ་རང་འབད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ལས་ གནང་བ་མ་འཐོབ་པར་ཡོད་ཟེར་ སླབ་སྟེ་ཡོདཔ་སྦེ་བཤད་ཅི།

བསམ་རྩེ་རྫོང་ཁག་ནང་ལུ་ དུས་ཅི་ ད་རུང་རང་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གསརཔ་༡༢་གཞི་བཙུགས་འབད་ནི་སྦེ་ཡོདཔ་ལས་ གནས་སྟངས་འདི་ ཧེང་སྐལ་ར་ སྐྱོ་དྲག་ཅིག་ལུ་མི་འགྱུར་ག་ཟེར་བའི་ ཚ་གྱང་ལང་སྟེ་སྦེ་འདུག

རྫོང་ཁག་ཚོགས་འདུ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ སླབ་སྟོན་པ་གསརཔ་ཚུ་ བཙུགས་ནི་གི་གནང་བ་ཚུ་ འདི་འཕྲོ་ལས་ཆ་འཇོག་གནང་དགོ་པའི་ ཞུ་བ་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་མས།