གཟའ་ཕུར་བུ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༠

སློབ་ཕྲུག་བཞི་གིས་ འཛམ་གླིང་རག་བྷི་གི་ རྩེད་རིག་འགྲན་བསྡུར་ནང་ལུ་དོ་འགྲན།

སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩

༉ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༤་གིས་ ཐའི་ལེནཌ་ལུ་སྦེ་ གཟའ་པ་སངས་ཀྱི་ཚེ་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ འཛམ་གླིང་རག་བྷི་གི་རྩེད་རིག་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་དོན་ལུ་ ནངས་པ་རྒྱལ་ཁབ་ནང་ལས་ འགྱོ་ནི་ཨིན་མས།

འཛམ་གླིང་རག་བྷི་གི་རྩེད་རིག་འདི་ ཚན་རིག་དང་འཕྲུལ་རིག་ དེ་ལས་ གསར་གཏད་ཚུ་ཡར་དྲག་བཏང་ནི་གི་དོན་ལས་ ལོ་ན་རྒས་གཞོན་མེདཔ་ག་རའི་དོན་ལུ་ ལོ་བསྟར་བཞིན་ འགོ་འདྲེན་འཐབ་སྲོད་ཡོད་པའི་ རྒྱལ་སྤྱི་རག་བྷི་འཕྲུལ་ཆས་ཀྱི་རྩེད་འགྲན་ལས་རིམ་ཅིག་ཨིན་མས།

སློབ་ཕྲུག་སྡེ་ཚན་འདི་གིས་ ཟད་འགྲོ་དངུལ་ཀྲམ་སྟོང་ཕྲག་༤༠དེ་ཅིག་གནས་པའི་ ཀེ་ཇི་༣དེ་རེ་འབད་མི་རག་བྷི་བཟོ་ཚར་ནི་གི་དོན་ལས་ དུས་ཡུན་ཟླཝ་གཉིས་འགོར་ཡོདཔ་ཨིན་མས།

སྡེ་ཚན་འདི་ལུ་ རག་བྷི་བཟོ་ནི་གི་དོན་ལས་ སྦྱིན་བདག་ལེ་ཤ་ཅིག་འཐོན་ཏེ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་འབད་ཡོདཔ་མ་ཚད་ སྦྱིན་བདག་འདི་ཚུ་གིས་ འགྲན་བསྡུར་འདི་ནང་ལུ་ གྲལ་ཁར་གཏོགས་པར་འགྱོ་ནི་གི་དོན་ལས་ཡང་ ཟད་འགྲོ་ཚུ་བཏང་ནི་སྦེ་འདུག

སྡེ་ཚན་འདི་ འཛམ་གླིངརག་བྷི་རྩེད་རིགས་ཀྱིས་ མགྲོན་བརྡ་འབད་ཡོདཔ་ལས་ འགྲན་བསྡུར་འདི་ནང་ལུ་བཅའ་མར་གཏོགས་ནི་གི་དོན་ལས་ དོ་འགྲན་འབད་མ་དགོཔ་ཨིན་མས།

རྗེ་བཙུན་དཔལ་སྤྲུལ་རྒྱལ་པོ་གིས་བཀོད་མི་ནང་ མོ་གི་སྡེ་ཚན་འདི་གིས་ དུས་ཅི་ སྦལ་བུ་ལུ་ཡང་ འདི་བཟུམ་གྱི་འགྲན་བསྡུར་ནང་ལུ་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ འདི་བསྒང་ འཕྲུལ་ཆས་འདི་ ཅ་ཆས་རག་རོག་ཚུ་གིས་སྦེ་བཟོ་ནི་འདི་གིས་ དེ་ཅིག་ར་ ལེགས་ལོམ་སྦེ་འགྱོ་མ་བཏུབ་ལས་ ད་རེས་ ཅ་ཆས་གསརཔ་ཚུ་མཁོ་སྔགས་འབད་དེ་རག་བྷི་གསརཔ་བཟོ་བའི་ཤུལ་ལུ་ གཞན་མི་རྒྱལ་ཁབ་ཀྱི་འཕྲུལ་ཆས་ཚུ་དང་ཆ་ ལེགས་ཤོམ་སྦེ་རང་ དོ་འགྲན་འབད་ཚུགས་པའི་ རེ་བ་ཡོདཔ་སྦེ་བཤད་ཅི།

སློབ་ཕྲུག་སྡེ་ཚན་འདི་གིས་ རག་བྷི་ཊིག་གི་རྩེདམོ་གི་དབྱེ་ཁག་ནང་ལུ་ རྒྱལ་ཁབ་༡༠གྱི་ནང་ལས་ སྡེ་ཚན་༢༩དང་ཅིག་ཁར་ དོ་འགྲན་འབད་ནི་ཨིནམ་ད་ འདི་བསྒང་ ཁོང་ཆ་ཁྱབ་ཀྱིས་ བཱོལ་ལག་ལེན་འཐབ་ཞིནམ་ལས་ གཱོལ་བཙུགས་ཏེ་སྦེ་ སྐུགས་ཐོབ་ནི་གི་དོན་ལུ་ དོ་འགྲན་འབད་དགོ་ནི་ཨིན་མས།

འབྲུག་རྒྱལ་ཁབ་ཀྱིས་ འགྲན་བསྡུར་འདི་ནང་ལུ་ ད་རེས་འགོ་དང་པ་ གྲལ་ཁར་གཏོགས་དོ་ཡོདཔ་ད་ ག་དེ་ཅིག་སྦེ་ སྡེ་ཚན་འདི་གིས་ རྒྱལ་ཁ་འཐོབ་པ་ཅིན་ དངུལ་རྐྱང་གི་གསོལ་རས་ ཐའི་གི་དངུལ་བྷཊ་འབུམ་༣ཐོབ་ནི་ཨིན་མས།

ཉིནམ་གསུམ་གྱི་འགྲན་བསྡུར་འདི་ནང་ལུ་ རྒྱལ་ཁབ་༡༠་གྱི་ནང་ལས་ མི་༥༦༠ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱི་ རྩེད་རིང་ཁག་མ་འདྲཝ་༡༤གི་ནང་ལུ་ དོ་འགྲན་འབད་ནི་སྦེ་འདུག