གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

བཟོ་སྦྱོར་འཕྲུལ་ཁང་ཅིག་རྐྱབ་མི་འདི་ ཚར་ཅིག་ཡང་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ དར་དཀར་ན་རྫོང་ཁག་ དར་དཀར་དཔལ་ལ་ལུ་ ཟད་སོང་སྦོམ་སྦེ་རང་བཏང་ཞིན་ན་ སོ་ནམ་གྱི་ཐོན་སྐྱེད་ཚུ་ རུལ་མ་བཅུག་པར་བསག་བཞག་ནི་གི་དོན་ལུ་ བཟོ་སྦྱོར་འཕྲུལ་ཁང་ཅིག་རྐྱབ་སྟེ་ཡོད་མི་འདི་ ཚར་ཅིག་ཡང་ ལག་ལེན་འཐབ་མ་ཚུགས་པར་ དེ་སྦེ་རང་ལུས་ཏེ་འདུག

མཐུན་རྐྱེན་འདི་རྐྱབ་ཚརཝ་ཅིག་རང་ ལག་ལེན་འཐབ་མ་ཚུགས་པའི་ཁར་ འདི་གུ་ རླུང་འཚུབས་ཀྱིས་ཁྱིམ་ཐོག་འཕྱག་འབག་ནི་འདི་གིས་ མེདཔ་ཐལ་ཏེ་ཡོདཔ་ལས་ ད་རེས་ བཅོ་ཁ་རྐྱབ་དགོ་པའི་ དུང་ཁར་ལྷོད་དེ་སྦེ་འདུག

མཐུན་རྐྱེན་འདི་ཡང་ མི་སེར་སོ་ནམ་པ་ཚུ་གིས་ ཚལ་ལུ་ཚུ་ རུལ་མ་བཅུག་པར་ བསག་བཞག་ནི་གི་དོན་ལུ་ སཱག་གོང་འཕེལ་མ་དངུལ་གྱི་འོག་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ལྷགཔ་ཅིག་བཏང་ཞིནམ་ལས་ སྤྱི་ལོ་༢༠༡༢ལུ་རྐྱབ་ཡོདཔ་ཨིན་མས།

མཐུན་རྐྱེན་འདི་གི་ནང་ལུ་ བསིལ་ཏོང་ཏོ་སྦེ་བཞག་ཚུགས་པའི་ བཟོ་བཀོད་མ་འདྲཝ་སྦེ་རྐྱབ་ཏེ་ཡོདཔ་ལས་ གློག་མེ་ཚུ་ཡང་ ལག་ལེན་འཐབ་དགོཔ་མི་འཐོན་ནི་ཨིན་མས།

མཐུན་རྐྱེན་འདི་རྐྱབ་ཚརཝ་ཅིག་རང་ ཚལ་ལུ་ཀེ་ཇི་༩༠༠དེ་ཅིག་ མོ་བཏབ་བཟུམ་ཅིག་སྦེ་ བསག་བཞག་ཡོདཔ་ཨིན་རུང་ མཐུན་རྐྱེན་འདི་གི་ནང་ན་གི་གྱང་གུ་ལས་ ཆུ་འཐོན་ནི་འདི་གིས་ ལག་ལེན་འཐབ་མ་བཅུག་པར་ བཞག་དགོཔ་འཐོན་ནུག

མཐུན་རྐྱེན་འདི་ ཉམས་བཅོས་འབད་དགོཔ་སྡོད་ཡོདཔ་ཨིན་རུང་ མ་དངུལ་མེད་ནི་འདི་གིས་ དེ་སྦེ་རང་ལུས་པའི་བར་ན་རང་ སྤྱི་ལོ་༢༠༡༥ལུ་ རླུང་འཚུབས་ཀྱིས་ ཁྱིམ་ཐོག་འཕྱག་འབག་པའི་ཤུལ་ གནས་སྟངས་འདི་ ཧེང་སྐལ་རང་ སྐྱོ་དྲག་ཅིག་ལུ་ འགྱུར་ཡོདཔ་སྦེ་ཨིན་མས།

འདི་ལུ་ བཟོ་སྦྱོར་འཕྲུལ་ཁང་གི་འཛིན་སྐྱོང་པ་ བསྟན་འཛིན་རབ་རྒྱས་ཀྱིས་བཀོད་མི་ནང་ འཕྲུལ་ཁང་འདི་གི་ ཁྱིམ་ཐོག་ཚུ་ སྤྱིར་བཏང་གི་ཁྱིམ་ཐོག་དང་མ་འདྲ་ནི་འདི་གིས་ གོང་ཚད་ལེ་ཤ་སྦེ་སྤྲོད་དགོཔ་ལས་ འདི་འཕྲོ་ལས་ར་ ཚབ་བཀབ་མ་ཚུགས་པར་ ཟླཝ་༦་ལྷགཔ་ཅིག་འགྱོ་བའི་ཤུལ་ལུ་ གྱང་ཚུ་ཡང་ ཆརཔ་གིས་མེདཔ་བཏང་མི་ལུ་བརྟེན་ཏེ་ གཡོག་བཀོལ་མ་ཚུགས་པར་ ལུས་ཡོདཔ་སྦེ་བཤད་ཅི།

འགོ་དཔོན་ཚུ་གིས་བཀོད་མི་ནང་ བསག་མཛོད་ཁང་འདི་གུར་ ལོག་སྟེ་ར་ཤིང་ལེབ་བཀབ་ནི་གི་རྩིས་རྐྱབ་ཡོདཔ་ཨིན་རུང་ འདི་གིས་ཡང་ ཕན་ཐོགས་ཅིག་ འབྱུང་མ་ཚུགས་པར་ཡོདཔ་སྦེ་ཨིན་མས།

ད་རུང་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཁོང་གིས་ཁ་ཐུག་ལས་ མཐུན་རྐྱེན་འདི་ ཉམས་བཅོས་འབད་ནི་གི་དོན་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ མ་དངུལ་གྱི་ཞུ་བ་འབད་དེ་ཡོད་རུང་ ད་ལྟོ་ཚུན་ཚོད་ ལན་གསལ་ཅིག་ག་ནི་ཡང་ འཐོབ་མ་ཚུགས་པར་ ཡོདཔ་སྦེ་ཨིན་མས།