གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ཐིམ་ཕུག་ཁྲོམ་སྡེ་གིས་ ལམ་ཧོག་ཀ་མེདཔ་སྦེ་བཟོ་ནི་དང་ འཐུང་ཆུ་བཀྲམ་སྤེལ་ དེ་ལས་ གཙོག་ཆུ་གི་ཞབས་ཏོག་ཚུ་ འབྱིན་ནི་གི་རེ་བ།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ ཐིམ་ཕུག་ཁྲོམ་སྡེ་གིས་ ད་རེས་ཀྱི་རྩིས་ལོ་མཇུག་བསྡུ་བའི་བསྒང་ལས་ ཁྲོམ་ལམ་འདི་ཚུ་ ཧོག་ཀ་མེདཔ་སྦེ་བཟོ་ནི་དང་ གཙང་སྦྲ་དང་ལྡན་པའི་འཐུང་ཆུ་བཀྲམ་སྤེལ་འབད་ནི་ དེ་ལས་ ཁྲོམ་ཁར་སྡོད་མི་ག་ར་ལུ་ གཙོག་ཆུ་གི་ཞབས་ཏོག་ཚུ་ འབྱིན་ཚུགས་པའི་རེ་བ་འདུག

འདི་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་ ད་རིས་ བློན་ཆེན་དང་གཅིག་ཁར་ ཁོང་རའི་ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུར་ མཚན་རྟགས་བཀོད་པའི་སྐབས་ལུ་ འཁོད་དེ་འདུག

འདི་བསྒང་ ཐིམ་ཕུག་ཁྲོམ་སྡེ་གིས་ གནད་དོན་མ་འདྲཝ་༡༢ངོས་འཛིན་འབད་དེ་ཡོད་ས་ལས་༧འདི་ གཙོ་རིམ་ཅན་ཅིག་སྦེ་ཡོདཔ་ད་ གཞན་མི་༥འདི་ ངེས་པར་དུ་འབད་དགོ་པའི་ གནད་དོན་གྱི་གྲངས་སུ་ཚུད་དེ་འདུག

གཙོ་རིམ་ཅན་གྱི་གནད་དོན་༧གྱི་གྲལ་ལས་ གཅིག་འདི་ ཁྲོམ་སྡེ་གིས་ ཕྱགས་སྙིགས་ཚུ་ཡང་ ཕྱགས་སྙིགས་བཀོ་སའི་ལྟེ་བ་༡༠བཟོ་ཞིན་ན་ འཛིན་སྐྱོང་འཐབ་ནི་གི་ འཆར་གཞི་བརྩམ་དོ་ཨིན་མས།

དེ་ལས་ ཁྲོམ་ཁ་ལུ་སྡོད་མི་ག་ར་ལུ་ གཙོག་གཡུར་དང་འབྲེལ་བའི་ཞབས་ཏོག་འབྱིན་ནི་འདི་ཡང་ གཙོ་རིམ་ཅན་གྱི་གནད་དོན་ཅིག་སྦེ་རང་ཚུད་དེ་ཡོདཔ་ལས་ ཁྲོམ་སྡེ་གིས་ གཞུང་ལས་རྒྱབ་སྐྱོར་ལེན་ཞིན་ན་ གཙོག་ཆུ་དང་གཡུར་བ་ཚུ་ནང་ལས་ འཁོར་ལམ་ཁ་ལུ་ ཆུ་འདི་ཚུ་ ཐོན་ནི་མེདཔ་སྦེ་བཟོ་ནི་སྦེ་འདུག

འདི་བཟུམ་སྦེ་ གཞན་མི་གཙོ་རིམ་ཅན་གྱི་དམིགས་གཏད་ཚུ་ཡང་ ཐིམ་ཕུག་ཁྲོམ་གྱི་ས་གོ་ནང་ ཉེན་སྲུང་ཡོདཔ་བཟོ་ནི་དང་ དབང་པོ་སྐྱོན་ཅན་དང་མཐུན་པའི་ གཞི་རྟེན་མཐུན་རྐྱེན་ཚུ་བཙུགས་ནི་ དེ་ལས་ གཞུང་ལས་མི་སེར་གྱི་ཞབས་ཏོག་ཚུ་ ཡར་དྲག་བཏང་ནི་དང་ ཉི་ནུབ་མེད་པར་ གཙང་སྦྲ་དང་ལྡན་པའི་འཐུང་ཆུ་ཚུ་ བཀྲམ་སྤེལ་འབད་ནི་སྦེ་འདུག

འདི་ལུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་བཀོད་མི་ནང་ ད་རེས་ གཞུང་གིས་ རྒྱབ་སྐྱོར་འབད་ནི་སྦེ་ ཞལ་གིས་བཞེས་ཡོདཔ་ལས་ ཁོང་གི་ཁ་ཐུག་ལས་ མིག་གཏད་ཆ་མཉམ་ར་ གྲུབ་ཚུགས་ཟེར་བཤད་ཅི།

ཐིམ་ཕུག་ཁྲོམ་སྡེ་གིས་ ངེས་པར་དུ་འབད་དགོ་པའི་གནད་དོན་ཚུ་ཡང་ དྲང་སྤྱོད་ཀྱི་ལམ་ལུགས་ཡར་དྲག་བཏང་ནི་དང་ ལོ་བསྟར་འཆར་དངུལ་ལེགས་ཤོམ་སྦེ་ལག་ལེན་འཐབ་ནི་ དེ་ལས་ ཆུ་དང་འབྲེལ་བའི་གཙོ་རིམ་གྱི་དམིགས་ཡུལ་གྲུབ་ནི་དང་ ཡིག་ཚང་ནང་ལུ་ རྫོང་ཁ་ཡར་དྲག་བཏང་ནི་ འདི་བཟུམ་སྦེ་ གཞུང་སྐྱོང་མཆོག་གྱུར་གན་ཡིག་གི་གནད་དོན་ཚུ་ ལག་ལེན་འཐབ་ནི་ཚུ་ཨིན་མས།