གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

བསྟན་རྒྱས་ལྷན་ཁག་གིས་ ས་གཏེར་དང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ དེ་ལས་ སྒེར་སྡེ་གོང་འཕེལ་ཚུ་གི་ནང་ལུ་ གཙོ་བོར་བསྟེན་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ བསྟན་རྒྱས་ལྷན་ཁག་གིས་ ད་རིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལཔ་ད་ ད་རེས་ཀྱི་རྩིས་ལོ་ནང་ལུ་ ས་གཏེར་དང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ དེ་ལས་ སྒེར་སྡེ་གོང་འཕེལ་ཚུ་གི་ནང་ལུ་ གཙོ་བོར་བསྟེན་ནི་སྦེ་འདུག

འདི་བཟུམ་སྦེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་འདི་ཡང་ ནམ་སྒྲུབ་ནི་ཨིན་ན་དང་ ནམ་ལས་ གློག་མེ་བཏོན་ནི་འགོ་བཙུགས་ནི་ཨིན་ན་ཚུ་གི་ཐད་ཁར་ཡང་ དུས་ཅི་ སྤྱི་ཟླ་༡༢པའི་ནང་འཁོད་ ཤེས་ཚུགསཔ་སྦེ་བཟོ་ནི་ནང་ བརྩོན་ཤུགས་སྐྱེད་ནི་སྦེ་འདུག

ས་གཏེར་གྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་སྦེ་རང་ཡོད་ནི་འདི་གིས་ གཞུང་གིས་ཡང་ གཏེར་ཁ་དང་ས་གཏེར་འཛིན་སྐྱོང་གི་དཔྱད་ཡིག་འདི་ སྤྱི་ཚོགས་ནང་ལུ་ བཙུགས་ཏེ་འདུག

བསྟན་རྒྱས་བློན་པོ་ ལོག་ནཊ་ཤར་མ་གིས་གསུང་མི་ནང་ ས་གཏེར་ལས་སྡེ་གིས་ ད་རེས་ རྒྱལ་ཁབ་ཀྱི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ རེ་བ་བསྐྱེད་དོ་བཟུམ་ཅིག་ ལྷན་ཐབས་འབད་མ་ཚུགས་པར་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ས་གཏེར་ལས་སྡེ་འདི་ ཡུན་བརྟན་དང་ཁྱད་རིག་ཅན་ཅིག་སྦེ་བཟོ་ནི་གི་དོན་ལུ་ ལྷན་ཁག་འདི་གིས་ གོང་འཕེལ་སོང་ཡོད་པའི་རྒྱལ་ཁབ་ཚུ་དང་ཅིག་ཁར་ གྲོས་བསྟུན་ཚུ་ འབད་འོང་ཟེར་ཨིན་མས།

ད་རུང་ བསྟན་རྒྱས་ལྷན་ཁག་གིས་ གྲོང་གསེབ་ཚུ་ནང་ལས་ཕར་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཡར་དྲག་བཏང་ནི་ནང་ལུ་ཡང་ གཙོ་བོར་བསྟེན་ནི་སྦེ་འདུག

འདི་ཡང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ནང་ལུ་ གོ་སྐབས་ཚུ་ཡོད་མི་གི་ཐད་ཁར་ གོ་བརྡ་སྤེལ་ནི་གི་དོན་ལས་ རྫོང་ཁག་གི་གནས་ཚད་ཁ་ལུ་ ཞབས་ཏོག་འབྱིན་སའི་ས་སྒོ་ཅིག་ཡང་ འགོ་བཙུགས་ནི་ཨིན་མས།

འདི་བཟུམ་སྦེ་ བསྟན་རྒྱས་ལྷན་ཁག་གི་དོན་ལུ་ སྒེར་སྡེ་གོང་འཕེལ་བཏང་ནི་འདི་ཡང་ ད་རེས་ཀྱི་རྩིས་ལོ་ནང་ལུ་ གཙོ་རིམ་ཅན་ཅིག་སྦེ་རང་འདུག

ལྷན་ཁག་འདི་གིས་ དམིགས་གཏད་འདི་གྲུབ་ནི་གི་དོན་ལུ་ སྲིད་བྱུས་གསརཔ་བརྩམ་ནི་ཨིནམ་མ་ཚད་ ད་ལྟོ་ཡོད་པའི་སྲིད་བྱུས་ཚུ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་དང་ཆ་བསྟུན་གྲོས་འབད་ཞིན་ན་ གནས་སྟངས་དང་མཐུནམ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་ཅི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་གུ་ལུ་ཡང་ གཙོ་རིམ་བཟུང་ནི་སྦེ་འདུག

ད་རུང་ བསྟན་རྒྱས་བློན་པོ་གིས་གསུང་མི་ནང་ དུས་ཅི་ལས་ གློག་མེ་ལས་འགུལ་གྱི་ ལས་ཚན་ཁག་གི་འཛིན་སྐྱོང་ཚུ་དང་ཅིག་ཁར་ཡང་ ཞག་དུས་ཕྱི་མི་དང་ གཞན་མི་ངེས་བརྟན་མེད་པའི་གནད་དོན་ཚུ་སེལ་ནི་གི་དོན་ལས་ གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་ཅིག་ ལོག་སུ་སྦེ་རང་ མཚན་རྟགས་བཀོད་འོང་ཟེར་གསུང་གནང་ཡི།