གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་ཕྱེད་ད་༡༩ལྷགཔ་ཅིག་གནས་པའི་ གནམ་གྲུ་གསརཔ་ཅིག་ མཁོ་གྲུབ་འབད་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཤུལ་མའི་ཟླཝ་ནང་ལུ་ གནམ་གྲུ་གསརཔ་གཅིག་ མཁོ་བསྒྲུབ་འབད་ནི་ཨིནམ་ད་ གནད་དོན་འདི་གི་དོན་ལུ་ ཁ་ཙ་ ལྷོ་ཨེ་ཤི་ཡན་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ གོང་འཕེལ་མ་དངུལ་དང་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་བར་ན་ ཡུ་ཨེསི་ཌོ་ལར་ས་ཡ་༡༣གྱི་ སྐྱིན་འགྲུལ་གན་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་འདུག

སྐྱིན་འགྲུལ་གན་ཡིག་གུ་ལུ་ མཚན་རྟགས་འདི་ཡང་ དངུལ་རྩིས་བློན་པོའི་སྐུ་འདུན་ལུ་སྦེ་ བཀོད་ཡོདཔ་ད་ གནམ་གྲུ་གསརཔ་འདི་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་ཕྱེད་ད་༡༩ལྷགཔ་ཅིག་ གནས་ནི་ཨིན་མས།

སག་གོང་འཕེལ་མ་དངུལ་ནང་ལས་ སྐྱིན་འགྲུལ་འཐོབ་མི་དངུལ་གྱིས་བདའ་མ་ཐུན་པའི་ ལྷག་ལུས་འདི་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ བཏོན་ནི་ཨིན་མས།

གནམ་གྲུ་འདི་ནང་ལུ་ མི་༤༠ཤོང་ཚུགས་ནི་ཨིནམ་ད་ གནམ་གྲུ་འདི་ཡང་ ནང་འཁོད་འཕུར་འགྲུལ་དང་ ཉེ་འདབས་ལུ་ཡོད་པའི་ ལྷོ་ཨེ་ཤི་ཡན་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ རྒྱལ་ཁབ་ཚུ་ནང་ལས་ཕར་ འཕུར་འགྲུལ་འབད་ནི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མས།

འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་སླབ་མི་ནང་ གནམ་གྲུ་གསརཔ་འདི་ནང་ལུ་ ད་རེས་ཡོད་པའི་གནམ་གྲུ་བཟུམ་སྦེ་མེན་པར་ ཉེན་སྲུང་དང་ལྡན་པའི་ བློ་གཏད་ཚུགས་པའི་འཕུར་འགྲུལ་ཚུ་ འབད་ཚགས་པའི་མཐུན་རྐྱེན་ཚུ་བཙུགས་ཏེ་ཡོདཔ་སྦེ་བཤད་ཅི།

ལས་འཛིན་འདི་གིས་བཀོད་མི་ནང་ འདི་བཟུམ་མའི་ཉེན་སྲུང་གི་མཐུན་རྐྱེན་ཚུ་ལས་བརྟེན་ གནམ་གཤིས་ལེགས་ཤོམ་མེད་པའི་སྐབས་ གནམ་གྲུ་འཕུལ་འགྲུལ་འབད་ནི་ལས་ ཆ་མེད་བཏང་ནི་གི་དཀའ་ངལ་ཚུ་ཡང་ སེལ་ཚུགས་ཟེར་ཨིན་མས།

འདི་བཟུམ་སྦེ་ སག་གོང་འཕེལ་མ་དངུལ་ནང་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མཁས་དབང་ Sunil Motiwal་གིས་བཀོད་མི་ནང་ ལས་འགུལ་འདི་ལས་བརྟེན་ ལྷོ་ཨེ་ཤི་ཡན་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ རྒྱལ་ཁབ་ཚུ་གི་ནང་འཁོད་ ལུང་ཕྱོགས་གཅིག་སྒྲིལ་དང་ དཔལ་འབྱོལ་མཐུད་འབྲེལ་འབད་ནི་ནང་ལུ་ ཕན་ཐོགས་འབྱུང་འོང་འོང་ཟེར་བཤད་ཅི།

འདི་དང་གཅིག་ཁར་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཧེ་མའི་གནམ་གྲུ་རྙིངམ་འདི་ ATRཟེར་མི་ གནམ་གྲུ་བཟོ་སྐྲུན་ལས་སྡེ་ལུ་ བཙོང་ནི་ཨིནམ་ལས་ འདི་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༣དེ་ཅིག་ ཐོབ་ཚུགས་པའི་རེ་བ་འདུག