གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ཐབས་ནི་གི་དོན་ལས་ ན་གཞོན་ཚུ་དང་འཕྱད་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ ཐིམ་ཕུག་ལུ་སྦེ་ སྐྱེས་ལོ་༤༥མན་ཆད་འབད་མི་ སྤྱི་ཚོགས་ཀྱི་འཐུས་མི་༢༠ལྷགཔ་ཅིག་གིས་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ཐབས་སྒྲིག་ནི་གི་དོན་ལས་ ན་གཞོན་བརྒྱ་མ་ལངམ་ཅིག་དང་གཅིག་ཁར་འཕྱད་ནུག

འདི་བསྒང་ ན་གཞོན་ཚུ་གིས་ འཕྲུལ་རིག་ཚུ་བརྒྱུད་དེ་ ཤེས་རིག་ལས་སྡེ་རྩ་བརྟན་བཟོ་དགོ་པའི་སྐོར་དང་ དེང་སང་དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ གདོང་ལེན་ཚུ་འབྱུང་མི་ དེ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་གི་ ཕན་གནོད་ཚུ་གི་སྐོར་ལས་ བསམ་འཆར་ཚུ་ བཤད་དེ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ སྲིད་བྱུས་བརྩམ་མི་དང་ ན་གཞོན་ཚུ་གི་བར་ན་ འཕྱད་ནི་གི་ལས་རིམ་འདི་ ད་རེས་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ལས་རིམ་འདི་ལས་བརྟེན་ ན་གཞོན་གྱི་དཀའ་ངལ་ཚུ་སེལ་ནི་དང་ ཁོང་ཆ་ཁྱབ་ཀྱི་གཙོ་རིམ་ཚུ་ལུ་ གཙོ་བོར་བསྟེན་ཏེ་ ན་གཞོན་ཚུ་གི་ཚ་གྱང་ཚུ་ ལེགས་ཤོམ་སྦེ་བརྡ་སྤྲོད་འབད་དེ་ སྤྱི་ཚོགས་ཀྱི་ནང་ལུ་གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ གྲོས་བསྡུར་འབད་དེ་ སེལ་ཐབས་ཚུགས་རེ་བ་འདུག

ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་གསུང་མི་ནང་ འདི་བཟུམ་གྱི་ལས་རིམ་ཚུ་ འཕྲལ་འཕྲལ་སྦེ་རང་ འགོ་འདྲེན་འཐབ་པ་ཅིན་ ཁོང་ཆ་ཁྱབ་ལུ་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ མ་བཏུབ་བཏུབ་སྦེ་ གསུང་གྲོས་གནང་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་མས།

ད་རུང་ ལས་རིམ་འདི་་ རྒྱལ་སྤྱིའི་ན་གཞོན་གྱི་ཉིནམ་དང་ སྤྱི་ཚོགས་གཅིག་སྡོམ་ཚོགས་པ་གཞི་བཙུགས་འབད་དེ་ མི་ལོ་༡༣༠འཁོར་བའི་དུས་སྟོན་ཚུ་ བརྩི་སྲུང་འབད་ནི་གི་དོན་ལུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ལས་རིམ་འདི་ནང་ གྲལ་ཁར་གཏོགས་མི་ཚུ་གིས་བཀོད་མི་ནང་ ལས་རིམ་འདི་ལས་བརྟེན་ཏེ་ ན་གཞོན་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་གཞོནམ་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་སྦེ་བཟོ་ཞིན་ན་ ཁོང་རའི་སྟབས་མ་བདེ་བའི་གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་གི་ གོ་སྐབས་ཚུ་འཐོབ་ཡོདཔ་སྦེ་བཤད་ཅི།

ན་གཞོན་དང་སྤྱི་ཚོགས་ཀྱི་འཐུས་མི་༢ཆ་རང་གིས་ འདི་བཟུམ་གྱི་ཐབས་ལམ་ལས་བརྟེན་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཚུ་ དུས་ཚོད་ཁར་ སེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།