གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

རྒྱལ་སྤྱིའི་ན་གཞོན་གྱི་ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ རྒྱལ་ཡོངས་ན་གཞོན་གསོལ་རས་ཀྱི་ལས་རིམ།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱལ་སྤྱིའི་ན་གཞོན་གྱི་ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ སྤྱི་ལོ་༢༠༡༩ལོའི་ རྒྱལ་ཡོངས་ན་གཞོན་གསོལ་རས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག

ཉིནམ་འདི་ཡང་ མི་སྡེ་དང་ན་གཞོན་གོང་འཕེལ་བཏང་ནི་ནང་ ལཱ་ཚུ་ རྩ་འགེངས་ཏེ་འབད་མི་ ཁྱད་དུ་འཕགས་པའི་མི་ངོ་རྐྱང་ཚུ་ ངོས་འཛིན་འབད་ནི་ནང་ གཙོ་རིམ་བཟུང་སྟེ་འདུག

འདི་བསྒང་ གསོལ་རས་མ་འདྲཝ་༧འདི་ ན་གཞོན་དང་ན་གཞོན་སྡེ་ཚན་༧ལུ་བྱིན་ཡོདཔ་ད་ འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ གསོལ་རས་དང་རྟགས་མ་ག་ཅི་ར་ཨིན་རུང་ ངེས་བདེན་སྦེ་རང་ ཐོབ་དགོ་པའི་གྲུབ་འབྱེད་ཚུ་བརྟེན་ཏེ་ ཡོད་ནི་འདི་གིས་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་མི་སྡེའི་ནང་ལས་ཕར་ མི་སྡེའི་ཞབས་ཏོག་ལས་འགོ་བཙུགས་ཏེ་ འགྲུལ་འཕྲིན་རིམ་ལུགས་དང་ འཕྲུལ་གི་མི་བཟོ་ནི་ དེ་ལས་ སྒྱུ་རྩལ་དང་སྤྲོ་བའི་ལས་རིམ་ཚུ་གི་ཐད་ཁར་ ཡིད་ཆེས་འདྲོང་ཚུགསཔ་སྦེ་ བཟོ་སྟེ་ཡོདཔ་ཨིན།

ངོས་འཛིན་གྱི་རྟགས་མ་འཐོབ་མི་ཚུ་གི་གྲལ་ལས་ གཅིག་འདི་ ཨམ་རིཐི་བྷ་དུར་ལིམ་བུ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༤ལུ་ འབྲུག་མཐུན་མོང་དང་དགའ་མཐུན་ན་གཞོན་ཟེར་མི་སྡེ་ཚན་ཅིག་བཟོ་ཞིན་ན་ ཁས་བླངས་འབད་ཡོད་པའི་ངོས་འཛིན་ལུ་ ན་གཞོན་ཁས་བླངས་ཀྱི་རྟགས་མ་ཐོབ་ནུག

འདི་བཟུམ་སྦེ་ བཀྲ་ཤིས་དབང་མོ་གིས་ ན་གཞོན་འགྱུར་བཅོས་འབད་མི་གི་ རྟགས་མ་ཐོབ་ཡོདཔ་ད་ མོ་གིས་སླབ་མི་ནང་ ད་ལས་ཕར་རང་འབད་རུང་ མོ་གིས་འབད་ཚུགས་ཚུགསཔ་ཅིག་ འདྲ་མཉམ་དང་དྲང་བདེན་གྱི་སྒོ་ལས་ ཕཡག་ཞུ་ནི་གི་ཁས་བླང་ཡོདཔ་མ་ཚད་ ད་རེས་ འདི་བཟུམ་མའི་ ཁྱད་དུ་འཕགས་པའི་གསོལ་རས་ཐོབ་མི་འདི་ལུ་ སྐལ་བ་བཟང་ཡི་ཟེར་བཤད་ཅི།

རྒྱལ་སྤྱིའི་ན་གཞོན་གྱི་ཉིནམ་བརྩི་སྲུང་འབད་བའི་སྐབས་ སྤྲོ་བའི་ལས་རིམ་དང་ བརྡ་དོན་བརྗེ་སོར་གྱི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་འདུག

ན་གཞོན་གཞི་བཞག་སྡེ་ཚན་གིས་བཀོད་མི་ནང་ འདི་བཟུམ་གྱི་དུས་སྟོན་ཚུ་ལས་བརྟེན་ འབྲུག་པའི་ན་གཞོན་ཚུ་ལུ་ མི་སྡེའི་འགན་ཁུར་འབག་ནི་དང་ ཐབས་ཤེས་ཚུ་བཏོན་ནི་ནང་ སེམས་ཤུགས་ཚུ་ བྱིན་ཚུགས་པའི་ ཕན་ཐོགས་འབྱུང་དོ་ཡོདཔ་སྦེ་ཨིན་མས།