གཟའ་ཕུར་བུ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༡

གཞལ་སྒང་ལུ་ ཆར་ཆུ་ལས་བརྟེན་ཏེ་ ལྕང་ལཱ་རྐྱབ་ཚུགས་པའི་ཕན་ཐོགས།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ ད་རེས་ གནམ་བྱཱར་གྱི་ཆརཔ་ལས་བརྟེན་ གནོད་སྐྱོན་ལེ་ཤ་ཅིག་རང་རྐྱབ་སྟེ་ཡོདཔ་ཨིན་རུང་ གཞལམ་སྒང་རྫོང་ཁག་ གདང་མཁར་གཡུས་ཚན་ནང་གི་ མི་སེར་སོ་ནམ་པ་ཚུ་ལུ་འབད་བ་ཅིན་ ཆར་ཆུ་འདི་གིས་ ཕན་ཐོགས་འབྱུང་སྟེ་སྦེ་འདུག

གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ ཧེ་མ་ཚར་གཅིག་ ཞིང་ཆུ་མེད་ནི་འདི་གིས་ འདས་པའི་ལོ་ངོ་བཅུ་ཕྲག་༡དེ་ཅིག་གི་རིང་ལུ་ ས་གཞི་སྤང་སྦེ་བཞག་མི་ཚུ་ཡང་ ད་རེས་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ཏེ་ ལྕང་ལཱ་ཚུ་དུས་ཚོད་ཁར་རྐྱབ་ནི་ནང་ ལྷན་ཐབས་འབྱུང་ནུག

ས་གནས་འདི་ཁའི་མི་སེར་ཚུ་གིས་བཀོད་མི་ནང་ དུས་ཅི་བཟུམ་སྦེ་ སང་ཕོད་ཡང་ ཆརཔ་རྐྱབ་ཞིན་ན་ ཁོང་ཆ་ཁྱབ་ཀྱིས་ ལྕང་ལཱ་ཚུ་རྐྱབ་ཚུགས་པའི་རེ་བ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ད་རེས་ ཆརཔ་མ་ཆད་པར་རང་རྐྱབ་མི་འདི་གིས་ གདང་མཁར་གཡུས་ཚན་ནང་ལུ་ཡང་ ལྕང་ལཱ་རྐྱབ་ཚུགས་ཏེ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཐོན་ཆུགས་ཚུ་ལེག་ཤོམ་སྦེ་ བསྡུ་ཚུགས་པའི་རེ་བ་འདུག

གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ ནམ་བྱཱར་ཨ་རྟག་རང་ ཆརཔ་རྐྱབ་ནི་གིས་རེ་བ་བསྐྱེད་དེ་ སྡོད་མ་དགོ་པའི་ཐབས་ལུ་ རྫོང་ཁག་བདག་སྐྱོང་གིིས་ ཤུལ་མའི་ལོ་༢ཀྱི་ནང་འཁོད་ལུ་རང་ བློ་གཏད་ཚུགས་པའི་ཞིང་ཆུའི་གཡུར་བ་ཅིག་ སེལ་བྱིན་ནི་གི་ འཆར་གཞི་ཡོདཔ་ཨིན་མས།

འདི་འབདཝ་ལས་ འགོ་དཔོན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ གཡུས་ཚན་༤ལུ་ ཕན་ཐོགས་འབྱུང་ནི་གི་དོན་ལས་ ཞིང་ཆུའི་གཡུར་བ་སེལ་གྱི་ འོས་འབབ་ཀྱི་ བརྟག་ཞིབ་ཅིག་ཡང་ འགོ་འདྲེན་འཐབ་ནུག

དངུལ་ཀྲམ་ས་ཡ་༥༠གནས་པའི་ ཞིང་ཆུའི་གཡུར་བ་འདི་གིས་ ས་ཞིང་ཨེ་ཀར་༡༧༨ཀྱི་ནང་ལུ་ ཞིང་ཆུ་བཀྲམ་སྤེལ་འབད་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་མས།

གདང་མཁར་གཡུས་ཁའི་ མི་སེར་སོ་ནམ་པ་ཚུ་གིས་ ཞིང་ཆུའི་གཡུར་བ་སེལ་ནི་གི་ ལོ་རྒྱུས་ཚུ་གོ་ཅིག་ར་ ཁོང་རའི་ས་ཞིང་ཚུ་ ལེགས་ཤོམ་སྦེ་ཟ་སྤྱོད་འབད་ནི་གི་དོན་ལས་ ལྕང་ལཱ་རྐྱབ་ནི་གིས་མ་དོ་བར་ གནམ་དགུན་གྱི་སྐབས་ལུ་ ཚོད་བསྲེ་གི་ལཱ་ཚུ་ རྒྱ་ཆེཝ་སྦེ་འབད་ནི་གི་ འཆར་གཞི་བརྩམས་ཚར་ཡོདཔ་ཨིན་མས།