གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

བློན་ཆེན་གྱིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ མཐར་འཁྱོལ་མཛད་སྒོའི་དུས་སྟོན་ནང་ལུ་གྲལ་བཞུགས།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ལོ་༢༠༡༨་ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ལས་ མཐར་འཁྱོལ་མི་ཚུ་གི་དོན་ལས་ མཐར་འཁྱོལ་གྱི་མཛད་སྒོའི་དུས་སྟོན་ བརྩི་སྲུང་འབད་ས་ལུ་ གྲལ་བཞུགས་གནང་ཡི།

འདི་བསྒང་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཞི་གཡོགཔ་ཚུ་ལས་ ཡ་རབས་ཀྱི་ཕྱོགས་སུ་ མནོ་ལུགས་འགྱུར་བཅོས་འབད་དགོཔ་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ལཱ་ཚུ་ག་ཅི་རང་འབད་རུང་ བསམ་བློ་བཏང་སྟེ་འབད་ནི་གི་ ཐུགས་ཀྱི་དགོངས་འཆར་ཡོད་ཟེར་ བཀའ་སློབ་གནང་མི་གི་གསུང་འཕྲིན་འདི་ སྤེལ་གནང་ནུག

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ མི་རློབས་དང་ དཔལ་འབྱོར་སྦོམ་ཤོས་ཡོད་པའི་ རྒྱལ་ཁབ་གཉིས་ཀྱི་བར་ན་ཆགས་ཏེ་ཡོདཔ་ལས་ ག་ཅི་གི་ཐད་ལས་འབད་རུང་ ཉེན་ཁག་ཡོད་པའི་གནས་སྟངས་ནང་ སྡོད་དོ་ཡོདཔ་སྦེ་གསུང་ཡི།

འདི་འབདཝ་ལས་ འབྲུག་མི་ཚུ་གིས་ མནོ་ལུགས་དང་ ལཱ་ཚུ་ དྲན་པ་བཏོན་ཏེ་མ་འབད་བ་ཅིན་ རྒྱལ་ཁབ་འདི་ གཞན་གྱི་གནས་ཚད་ཁར་མ་བཙུགས་པར་ རྒྱབ་ཁར་བསྐྱུར་བཞག་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ཕྱི་རུ་གསུང་བཤད་གནང་པའི་སྐབས་ མི་དབང་མངའ་ཞབས་མཆོག་གིས་ ཧ་ལམ་ཅིག་འབད་བ་ཅིན་ ང་མི་དགོ་ ཧ་ལམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་ རོག་དང་འདྲན་འདྲ་འབད་མི་ཚུགས་ཟེར་ ཧིང་སང་ས་སྦེ་གསུང་གནང་མི་འདི་ཡང་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་གི་ཚབ་ལུ འདི་ཁར་འཛོམ་མི་ཚུ་གིས་ ཡོན་ཏན་དང་རིག་པ་ཚུ་བཏོན་དགོཔའི་ རྟགས་མཚན་བཏོན་དོ་ཡོདཔ་སྦེ་ཨིན་མས།

བློན་ཆེན་གྱིས་གསུང་མི་ནང་ སྤྱི་ལོ་༢༠༢༣་ལས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཉུང་སུ་ཅིག་འགྱོ་བའི་རྒྱལ་ཁབ་ནང་ལས་ མཐར་འཁྱོལ་ནི་ཨིན་མི་དང་བསྟུན་ དེང་སང་འཕྲུལ་རིག་གི་འགྱུར་བ་འགྱོ་མི་དང་འཁྲིལ་ཏེ་ འབྲུག་མི་ཚུ་གིས་ འདི་དང་བསྟུན་པའི་ གསར་བཏོད་ཅན་གྱི་མནོ་ལུགས་དང་ ལཱ་འབད་ཐངས་ཚུ་ འགྱུར་བཅོས་འབད་དགོ་ཟེར་ཨིན་མས།

འདི་བཟུམ་སྦེ་ མཐར་འཁྱོལ་མཛད་སྒོའི་དུས་སྟོན་ ཐེངས་༢༣་པའི་ནང་འཛོམས་མི་ཚུ་ལུ་ བློན་ཆེན་གྱིས་ ཞི་གཡོགཔ་ནང་ གསརཔ་སྦེ་འཛུལ་བའི་སྐབས་ གདོང་ལེན་ཚུ་བྱུང་ནི་ཨིནམ་ལས་ འདི་བསྒང་ སེམས་དཔའ་ཞུམ་སྟེ་མ་སྡོད་པར་ ཧེང་སྐལ་རང་ བརྩོན་ཤུགས་སྐྱེད་དེ་འབད་དགོཔ་འདི་ ཁག་ཆེ་ཟེར་གསུང་གནང་ཡི།

དུས་སྟོན་འདི་ནང་ལུ་ ཚོང་འབྲེལ་བདག་སྐྱོང་གི་ནང་ལུ་ གཙུང་ལག་གོང་མའི་ཤེས་ཡོན་སྦྱང་མི་ཚུ་རྩིས་ཏེ་ སློབ་ཕྲུག་མཐར་འཁྱོལ་མི་༡༥༥་གིས་ གྲལ་ཁར་གཏོགས་ནུག