གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

རིན་ཆེན་ལྡིང་ལྷ་ཁང་གི་འོག་ལས་མར་ རུད་ཆད་ནི་འདི་གིས་ ཉེན་ཁག་ཅན་ཅིག་ལུ་འགྱུར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ ཕུན་ཚོགས་གླིང་ལུ་ཡོད་པའི་ རིན་ཆེན་ལྡིང་ལྷ་ཁང་གི་འོག་ལས་མར་ རུད་ཆད་ནི་ འགོ་བཙུགས་ཏེ་ཡོདཔ་ལས་ ལྷ་ཁང་གི་ས་གོ་ག་ར་ ཉེན་ཁག་ཅན་ཅིག་ལུ་ འགྱུར་ཏེ་སྦེ་འདུག

ས་གནས་འདི་ནང་ལུ་ ང་བཅས་རྒྱང་བསྒྲགས་ཀྱི་ གནས་ཚུལ་བསྡུ་ལེན་འབད་མི་གིས་བཀོད་མི་ནང་ ལྷ་ཁང་དང་རུད་ཆད་སའི་བར་ན་ ས་སྟོང་མི་ཀྲར་༡༠་ལས་འགལ་ མ་ལུས་པས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ས་གནས་འདི་ཁའི་མི་སེར་ཚུ་གིས་བཀོད་མི་ནང་ ལྷ་ཁང་གི་འོག་ལས་མར་ ལོ་རན་ཆད་མེད་པར་ གནམ་བྱཱར་ཨ་རྟག་རང་ རུད་ཆད་དོ་ཡོདཔ་ད་ དུས་ཅི་ཡང་ རུད་ཆད་ནི་འགོ་བཙུགས་ཏེ་ཡོདཔ་ལས་ ལྷ་ཁང་ལུ་ གནོད་སྐྱོན་མི་རྐྱབ་ག་ཟེར་བའི་ ཚ་གྱང་ལང་སྟེ་སྡོད་དགོཔ་འཐོན་དོ་ཡོདཔ་སྦེ་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ ལྷ་ཁང་འདི་གི་ དཀར་མེ་ཕུལ་སའི་ཁང་མིག་དང་ རུད་ཆད་སའི་བར་ན་ ས་སྟོང་མི་ཀྲར་༢་དེ་ཅིག་ལས་འགལ་མེདཔ་ལས་ ཉེན་ཁག་ཆེ་སུ་ཅིག་ལུ་ འགྱུར་ཏེ་ཡོདཔ་མ་ཚད་ ཕྱི་ཁ་ལུ་ རྩིས་ས་གིས་སྦེ་རྐྱབ་སྟེ་ཡོད་པའི་ མཐིང་གཞི་ཚུ་ཡང་ འགག་འགྲམ་ཕོག་སྟེ་སྦེ་འདུག

འདི་འབདཝ་ལས་ རིན་ཆེན་ལྡིང་ལྷ་ཁང་གི་བླམ་ ཀརྨ་གིས་སླབ་མི་ནང་ ག་དེ་ཅིག་སྦེ་ ས་ཁོངས་འདི་ ད་རེས་དེ་སྦེ་རང་བཞག་ད་པ་ཅིན་ དུས་ཅི་ར་ དཀར་མེ་ཕུལ་སའི་ཁང་མི་འདི་ འཕྱག་འབག་ནི་གི་ཉེན་ཁ་ཡོདཔ་ད་ འདི་གི་ཤུལ་ལས་ མཆོད་རྟེན་ཚུ་དང་ ལྷ་ཁང་འདི་ འཕྱག་འབག་མི་འགྱོ་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་སྦེ་བཤད་ཅི།

ས་གོ་འདི་ནང་ལུ་ ས་རུད་ལས་བརྟེན་པའི་ ཉེན་ཁག་ཡོད་མི་ལུ་གཞི་བཞག་སྟེ་ སྤྱི་ལོ་༢༠༡༦་ལུ་ རྒྱལ་ཡོངས་མཐུན་འགྱུར་ དང་ལེན་ལས་རིམ་གྱི་འོག་ལུ་ ས་རུད་བཀག་ཐབས་འབད་ནི་གི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༨་གནས་པའི་ ལས་འགུལ་ཅིག་འགོ་བཙུགས་ནུག

ཨིན་རུང་ ལས་འགུལ་འདི་ མཇུག་བསྡུ་བའི་ལོ་འདི་ལུ་ར་ རུད་ཆད་ཡོདཔ་ད་ འདི་བཟུམ་སྦེ་ ས་གོ་འདི་ནང་ལུ་ ན་ཧིང་ཡང་ རུད་ཆད་དེ་ཡོདཔ་ལས་ ལས་འགུལ་འདི་གིས་ ཕན་ཐོགས་ཅིག་འབྱུང་མ་ཚུགས་པར་ ཡོདཔ་སྦེ་ཨིན་མས།

རིན་ཆེན་ལྡིང་ལྷ་ཁང་འདི་ནང་ལུ་ ཉིནམ་བསྟར་བཞིན་དུ་ར་ ས་མཚམས་ཀྱི་མི་ཚུ་རྩིས་ཏེ་ དད་ཅན་གྱི་མི་སེར་བརྒྱ་ལས་བཅད་དེ་ མཇལ་བར་འོང་དོ་ཡོདཔ་ཨིན་མས།

ལྷ་ཁང་འདི་ཡང་ སྤྱི་ལོ་༡༩༦༧་ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཞིང་གཤེགས་ཨ་ཞེས་ ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་བཞེངས་གནང་ཡོདཔ་ད་ ད་རེས་ ལྷ་ཁང་འདི་ནང་ལུ་ དགེ་སློང་ཞལ་གྲངས་༢༠་ལྷགཔ་ཅིག་འདུག