གཟའ་ཕུར་བུ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༡

གསར་སྤང་རྫོང་ཁག་ནང་ལུ་ ཚད་ནད་བརྟག་དཔྱད་འབད་ནི་གི་ ཅ་ཆས་ཚུ་ལང་སྦེ་མེདཔ།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ གསར་སྤང་རྫོང་ཁག་ནང་ལུ་ ཚད་ནད་བརྟག་དཔྱད་འབད་བར་འོང་མི་གི་གྱངས་ཁ་ ཡར་སེང་འགྱོ་སྟེ་ཡོད་མི་དང་འབྲེལ་ ཚད་ནད་བརྟག་དཔྱད་འབད་ནི་གི་ ཅ་ཆས་ཚུ་གིས་ ལང་མ་ཚུགས་པར་འདུག

སྨན་ཁང་འདི་གིས་ དུས་ཅི་ མི་༣༠༠་ལྷགཔ་ཅིག་ལུ་ ནད་གཞི་བརྟག་དཔྱད་འབད་མི་འདི་ ན་ཧིང་ མི་༡༢༢་ལུ་རྟག་དཔྱད་འབད་མི་དང་འཕྱདཔ་ད་ ལོ་སྟབས་ཀྱི་རྩིས་ཨིན་མས།

དྲུང་འཚོ་ བཀྲིས་རྡོ་རྗེ་གིས་སླབ་མི་ནང་ ན་ཧིང་ ཚད་ནད་ཀྱི་བརྟག་དཔྱད་ཚུ་འབད་བའི་སྐབས་ མི་ཕུད་རྡོག་གཅིག་ལུ་ཡང་ ནད་གཞི་ཐོབ་ཡོདཔ་སྦེ་ བདའ་མ་ཟུན་པར་ཡོདཔ་ཨིན་རུང་ དུས་ཅི་ ད་ལྟོ་ཚུན་ཚོད་ མི་༢༥་ལུ་ ཚད་ནད་ཐོབ་ཡོདཔ་སྦེ་ བརྟག་དཔྱད་འབད་ཡི་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ དུས་ཅི་ དྲོད་འབར་རྐྱབ་སྟེ་ན་མི་ག་ར་གིས་ ཚད་ནད་ཡོདཔ་མེདཔ་བརྟག་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་རུང་ སྨན་ཁང་འདི་གིས་ ཕུན་ཚོགས་གླིང་དང་བསམ་རྩེ་གི་ ས་གོ་ཚུ་ནང་ལས་ཕར་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་རྐྱངམ་གཅིག་ གཙོ་རིམ་བཟུང་ཞིནམ་ལས་ བརྟག་དཔྱད་ཚུ་ འབད་ཡོདཔ་སྦེ་ཨིན་མས།

འདི་བསྒང་ ལ་ལུ་ཅིག་ལུ་ ཚད་ནད་ཡོདཔ་སྦེ་བདའ་ཟུན་པའི་ཤུལ་ལུ་ ཁོང་གི་ཁ་ཐུག་ལས་ ནདཔ་ག་དེ་མང་མང་ཅིག་ལུ་ར་ ཚད་ནད་རྟག་དཔྱད་ཚུ་ འབད་དགོཔ་འཐོན་ཡོདཔ་ལས་ ད་རེས་ ཅ་ཆས་ཀྱིས་ལང་མ་ཚུགས་པའི་ དཀའ་ངལ་ཚུ་འཐོན་ཏེ་ ཡོདཔ་སྦེ་བཤད་ཅི།

སྨན་ཁང་གི་ཁ་ཐུག་ལས་ ཅ་ཆས་ཀྱིས་ལང་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ལུ་ ཉེས་འདབས་ཀྱི་སྨན་ཁང་ཚུ་ནང་ལས་ བདེ་སྒྲིག་བཟོ་ནི་ལུ་བལྟ་ཡོདཔ་ཨིན་རུང་ ཐོབ་མ་ཚུགསཔ་ལས་ ཕུན་ཚོགས་གླིང་ལུ་ཡོད་པའི་ སྨན་རིགས་ལྟེ་བའི་ མཛོད་ཁང་ནང་ལས་ ཅ་ཆས་ཁ་སྐོང་དགོ་པའི་ ཞུ་བ་འབད་ནུག

གསར་སྤང་རྫོང་ཁག་སྨན་ཁང་གིས་ ཚད་ནད་འཐོབ་མི་༢༥་རྟག་དཔྱད་འབད་ས་ལས་ མི་༢༣་ལུ་ ནད་གཞི་འདི་ རྫོང་ཁག་འདི་གི་ཕྱི་ཁ་ལས་ཐོབ་སྟེ་ཡོད་མི་ཚུ་ཨིནམ་ད་ གཞན་མི་༢པོ་འདི་ ནང་འཁོད་ལས་རང་ ཐོབ་སྟེ་ཡོདཔ་སྦེ་མཐོང་ནུག

ད་རེས་ ཚད་ནད་ཐོབ་མི་ཚུ་ སྨན་བཅོས་འབད་ཚར་ཏེ་ སྨན་ཁང་ནང་ལས་ ལོག་བཏང་ཡོདཔ་མ་ཚད་ རྫོང་ཁག་འདི་ནང་ལུ་ ཚད་ནད་དར་ཁྱབ་འགྱོ་མ་བཅུག་པར་ བཞག་ནི་གི་དོན་ལས་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་པའི་བསྒང་ར་འདུག