གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

སྣུམ་འཁོར་བཞག་སའི་ སྒྲིམ་ཁྱིམ་རྐྱབ་མི་འདི་གིས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ སེལ་ཚུགས་པའི་རེ་བ།

སྤྱི་ཟླ་༧ པའི་ཚེས་ ༡༧ ༢༠༡༩

༉ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ སྒྲིམ་ཁྲིམ་༢་རྐྱབ་པའི་བསྒང་ཡོད་མི་འདི་ གྲུབ་པའི་བསྒང་ལས་ ཁྲོམ་ཁ་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ སེལ་ཚུགས་པའི་ རེ་བ་འདུག

ལུང་བསྟན་ཟམ་པ་གི་ ས་སྣུམ་བཀྲམ་སྤེལ་ཁང་གི་རྩ་བ་ལུ་ཡོད་པའི་ སྣུམ་འཁོར་བཞག་སའི་སྒྲིང་ཁྱིམ་འདི་ གཟའ་པ་སངས་ཀྱི་ཚེ་ལས་ ལག་ལེན་འཐབ་ནི་དོན་ལས་ སྒོ་ཕྱིན་ནི་ཨིན་མས།

ཨིན་རུང་ ཟངས་མདོག་དཔལ་རི་གི་ཉེ་འདབས་ལུ་ཡོད་པའི་ མཐུན་རྐྱེན་འདི་ ད་ལས་ཕར་ བདུན་ཕྲག་གཉིས་དེ་ཅིག་གི་ནང་ལུ་རྐྱངམ་ཅིག་ ལག་ལེན་འཐབ་ཚུགས་པའི་རེ་བ་འདུག

སྒྲིང་ཁྱིམ་འདི་གཉིས་ཀྱི་ནང་ལུ་ སྣུམ་འཁོར་༥༥༠ལྷགཔ་ཅིག་ ཤོང་ཚུགས་པའི་ སྒྲིང་ཁྱིམ་འདི་༢་ཀྱི་ནང་ལུ་ སྣུམ་འཁོར་བཞག་སའི་ས་སྒོ་ཚུ་ ག་དེ་འབད་ཡོད་ག་སྟོན་ཚུགས་པའི་ སྣུམ་འཁོར་འཛིན་སྐྱོང་གི་ལམ་ལུགས་དང་ ཉེན་སྲུང་གི་དོན་ལུ་ པར་ཆས་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ སྣུམ་འཁོར་བཞག་སའི་སྒྲིང་ཁྱིམ་༢་ཀྱི་ནང་ལུ་ སྲུང་རྒྱབ་ཚུ་ཡང་འོང་ནི་ཨིནམ་མ་ཚད་ ཆབ་གསང་གི་མཐུན་རྐྱེན་ཚུ་ཡང་ བཙུགས་ཏེ་ཡོདཔ་ད་ འདྲེན་སྐས་ཀྱི་མཐུན་རྐྱེན་ཚུ་ཡང་ བཙུགས་ནི་གི་འཆར་གཞི་འདུག

ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་བཀོད་མི་ནང་ མཐུན་རྐྱེན་འདི་ལས་བརྟེན་ཏེ་ ཁྲོམ་ཁ་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་སེལ་ཏེ་ ས་སྒོ་ཡང་འཕྲོས་འཕྲོས་འགྱོ་ནི་འདི་གིས་ མི་ཚུ་ ལམ་ཅིག་འགྱོ་དགོ་རུང་ སྟབས་བདེ་ཏོག་ཏོ་སྦེ་ འགྱོ་འོང་ཟེར་བཤད་ཅི།

ད་རུང་ ཁྲོམ་སྡེ་དང་འཁྲིལཔ་ད་ སྣུམ་འཁོར་བཞག་སའི་སྒྲིང་ཁྱིམ་འདི་ སྤྱི་ལོ་༢༠༡༡ལས་རྐྱབ་ནི་གི་ འཆར་གཞི་བརྩམ་ཡོདཔ་ཨིན་རུང་ མཐུན་རྐྱེན་འདི་གི་བཟོ་བཀོད་བཟོ་ནི་དང་ ས་སྒོ་ཚུ་ ཐག་བཅད་ནི་གི་ཐད་ཁར་ དུས་ཚོད་འགོར་ནི་འདི་གིས་ སྤྱི་ལོ་༢༠༡༥ལུ་རྐྱངམ་གཅིག་ ལཱ་ཚུ་འགོ་བཙུགས་ཚུགས་ཏེ་ ཡོདཔ་སྦེ་ཨིན་མས།

ཁྲོམ་དཔོན་གྱིས་སླབ་མི་ནང་ མཐུན་རྐྱེན་འདི་རྐྱབ་པའི་སྐབས་ ཞག་དུས་ལས་ལྷགཔ་སྦེ་ སྤུད་ཚད་ལུ་ གཙོ་བོར་བརྟན་ཏེ་ཡོདཔ་སྦེ་བཤད་ཅི།