གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

ཚ་དྲོད་ཡར་སེང་ལས་བརྟེན་ མཚོ་བེད་འོང་བའི་ དོགས་པ་ཆགས་ཏེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣ ༢༠༡༩

༉ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བའི་ ཚ་དྲོད་དབྱེ་ཞིབ་ཀྱི་གནས་སྡུད་དང་འཁྲིལཔ་ད་ འདས་པའི་ལོ་༩གི་ནང་འཁོད་ལུ་ ཚ་དྲོད་མཐོ་ཤོས་རང་ འདས་པའི་ཟླཝ་ནང་ལུ་ ཐོ་བཀོད་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ལུང་ནག་ན་གི་བྱང་ཁ་ཐུག་འབད་བ་ཅིན་ འདས་པའི་ཟླཝ་ནང་ལུ་ ཚ་དྲོད་ཡར་སེང་འདི་ ཌི་གིརི་སེལ་ཤི་ཡེསི་༡༥དེ་ཅིག་གུ་ལྷོད་དེ་ཡོདཔ་སྦེ་་ཨིནམ་ད་ འདི་ཡང་ འདས་པའི་ལོ་ཚུ་དང་འཕྱདཔ་ད་ ཌིགིརི་སེལ་ཤི་ཡེསི་༢ཀྱིས་ ཡར་སེང་འགྱོ་ནུག

ལྟེ་བ་འདི་གིས་བཀོད་མི་ནང་ འདས་པའི་ཟླཝ་ནང་ལུ་ ལུང་ནག་ན་ལུ་ཡོད་པའི་ མཐོར་མཐོར་མེད་ཀྱི་ ཡན་ལག་མཚོ་༢བེད་འོང་མི་འདི་ཡང་ གནད་དོན་འདི་ལས་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་བཤད་ཅི།

ལྟེ་བ་འདི་གིས་ ཡན་ལག་འཚོ་བེད་འོང་པའི་ཤུལ་ལུ་ ད་ལྟོ་ཚུན་ཚོད་ བརྟག་ཞིབ་ཚུ་ འགོ་འདྲེན་འཐབ་སྟེ་རང་ ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་ནང་ལས་ མཁས་མཆོག་ ཀརྨ་སྟོདཔ་གིས་བཀོད་མི་ནང་ མཚོ་བེད་འོང་པའི་སྐབས་ ཆུ་གི་ཚད་གཞི་འདི་ གསུམ་ཁྱོན་མི་ཊར་སྟོང་ཕྲག་༡༨དེ་ཅིག་རྩིས་རྐྱངམ་ཅིག་འབདཝ་ལས་ མཚོ་མཇུག་གི་ལུང་ཕྱོགས་ཚུ་ནང་ལས་ཕར་ བྱེམ་དེ་ཅིག་རང་མ་འཚོར་ཟེར་བཤད་ཅི།

འདི་ཡང་ འཁྱེག་མཚོ་བེད་འོང་པའི་སྐབས་ ཧང་སྟོང་མར་ ཆུ་ལེ་ཤ་སྦེ་འཐེན་འོང་ནི་ཨིནམ་ལས་ དངས་བཞག་ཡན་ལག་མཚོ་བེད་འོང་མི་འདི་ འཁྱེག་མཚོ་བེད་འོང་མི་གི་ གྲངས་སུ་མི་རྩིས་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ སྤྱི་ལོ་༡༩༩༤ལུ་ ཀླུ་རྒྱས་མཚོ་བེད་འོང་མི་གི་ ཆུའི་ཚད་གཞི་འདི་འབད་བ་ཅིན་ གསུམ་ཁྱོན་མི་ཊར་ས་ཡ་༡༨ཨིན་ཟེར་བཤད་ཅི།

ལྟེ་བ་འདི་གིས་ ཆུ་རུད་མངོན་རྟགས་འབད་ནི་གི་དོན་ལུ་ ཉེན་བརྡའི་ལམ་ལུགས་ཚུ་ ཡར་དྲག་བཏང་ནི་གི་འཆར་གཞི་ཡོདཔ་སྦེ་ཨིནམ་ད་ ད་རེས་བཟུམ་ཅིག་འབད་བ་ཅིན་ ལྟེ་བ་འདི་ལུ་ ཆུ་རུད་འཐོན་ཚར་བའི་ཤུལ་ལུ་རྐྱངམ་ཅིག་ ཤེས་རྟོགས་འབྱུང་མི་ ཉེན་བརྡའི་ལམ་ལུགས་ཚུ་ ཡོདཔ་ཨིན་མས།

ད་རེས་ ལུང་ནག་ན་ལུ་ མཐོར་མཐོར་མི་དང་ རབ་སེང་ དེ་ལས་ ཀླུ་རྒྱས་དང་སྦས་མཚོ་ཟེར་མི་ མཚོ་གཙོ་བོ་ཅན་༤ཡོདཔ་ད་ འ་ནཱི་མཚོ་ཆ་མཉམ་རང་ ཉེན་ཁ་ཅན་གྱི་འཁྱེག་མཚོ་ཚུ་ཨིན་མས།