གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ བཟོ་གྲྭ་ཆུང་བའི་དངུལ་ཁང་ལུ་ བསྒྱུར་བཅོས་འབད་མི་འདི་གིས་ ཕན་ཐོགས་འབྱུང་ཚུགས་པའི་རེ་འདོད།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ བཟོ་གྲྭ་ཆུང་བའི་དངུལ་ཁང་ལུ་ བསྒྱུར་བཅོས་འབད་མི་འདི་གིས་ རྒྱལ་ཁབ་ནང་ལུ་ཡོད་པའི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ ད་རེས་ སྐྱེད་མཐོ་སུ་སྦེ་ལེན་མི་གི་གནད་དོན་ཚུ་ སེལ་ཚུགས་པའི་ རེ་བ་འདུག

འདི་འབདཝ་ལས་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ ཤུལ་མའི་ཟླཝ་ནང་ལས་ བཟོ་གྲྭ་ཆུང་བའི་དངུལ་ཁང་ལུ་ བསྒྱུར་བཅོས་འབད་ནི་ཨིན་མས།

ལས་འཛིན་འདི་ དངུལ་ཁང་ལུ་བསྒྱུར་བཅོས་འབད་མི་འདི་གིས་ དམིགས་བསལ་གྱིས་རང་ གྲོང་གསེབ་ནང་གི་མི་སེར་ཚུ་ལུ་ སྐྱེད་ཉུང་བའི་ སྐྱིན་འགྲུལ་ཚུ་ ཐོབ་ཚུགས་ནི་ཨིནམ་ལས་ གྲོང་གསེབ་ནང་ལུ་ སོ་ནམ་དང་སྒོ་ནོར་གྱི་ལས་སྣ་ཚུ་ གོང་འཕེལ་བཏང་ནི་ནང་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་འདུག

ད་རིས་ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ འཆར་དངུལ་དང་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་འདི་ གསལ་ཞུ་ཕུལ་བའི་སྐབས་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་བཀོད་མི་ནང་ གཞུང་གིས་ སྐྱིན་འགྲུལ་ལེན་ནི་གི་ལམ་ལུགས་ཚུ་ཡང་ འཇམ་ཏོང་ཏོ་སྦེ་བཟོ་ནི་གི་དོན་ལས་ ལ་སྐོར་ཚུ་བརྩིམས་པའི་བསྒང་ར་ ཡོདཔ་སྦེ་ཞུ་ཡི།

འདི་བསྒང་ འཐུས་མི་ཚུ་གིས་ རྒྱལ་ཁབ་ནང་ལུ་ཡོད་པའི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱིན་འགྲུལ་ལེན་པའི་སྐབས་ལུ་ སྐྱེད་ཚུ་མཐོ་སུ་ལེན་ད་ཡོད་མི་གི་ཐད་ཁར་ གཞུང་གིས་ སྐྱེད་ཚུ་ཚད་དང་ལྡནམ་སྦེ་བཟོ་ནི་གི་ཐབས་ལུ་ བར་འཛུལ་འབད་ནི་གི་འཆར་གཞི་ཚུ་ ག་དེ་སྦེ་རང་ཡོད་ག་ཟེར་བའི་ དྲི་བ་ཞུ་ནུག

འདི་ལུ་ དངུལ་རྩིས་བློན་པོ་གིས་བཀོད་མི་ནང་ གནད་དོན་འདི་གི་ཐད་ཁར་ གཞུང་གིས་ བར་འཛུལ་འབད་བ་ཅིན་ རྒྱལ་གཞུང་དངུལ་དབང་འཛིན་གྱི་བཅའ་ཁྲིམས་༢༠༡༠ཅན་མ་དང་གཅིག་ཁར་ རྒྱབ་འགལ་འགྱོ་ནི་ཨིནམ་ལས་ ཐད་ཀར་དུ་ བར་འཛུལ་འབད་མི་ཚུགས་ཟེར་ཨིན་མས།

འདི་ཡང་ བཅའ་ཁྲིམས་འདི་ནང་ལུ་ རྩིས་ལོའི་སྲིད་བྱུས་ཚུ་ གཞུང་གིས་སྦེ་བརྩམ་ནི་ཨིན་རུང་ ཏི་རུའི་སྲིད་བྱུས་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གིས་ འཛིན་སྐྱོང་འཐབ་དགོཔ་སྦེ་ འཁོད་དེ་ཡོད་ནི་འདི་གིས་ཨིན་མས།

འདི་འབདཝ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱེད་ཀྱི་ཚད་གཞི་སོ་སོ་སྦེ་ལེན་མི་འདི་ ཚད་དང་ལྡནམ་སྦེ་བཟོ་ནི་གི་ཐད་ཁར་ དབང་འཛིན་འདི་ལུ་རྐྱངམ་ཅིག་ དབང་ཚད་ཡོདཔ་སྦེ་ཞུ་ཡི།

འདི་དང་གཅིག་ཁར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཅའ་ཁྲིམས་དང་སྲིད་བྱུས་ཚུ་གིས་ མ་རྩ་རྩ་སྟོང་འགྱོ་ནི་གི་ ཉེན་ཁ་ཡོད་ནི་འདི་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱིན་འགྲུལ་གྱི་སྐྱེད་ཚུ་ མར་ཕབ་མི་འབད་དོ་ཡོདཔ་ཨིན་མས།

ཨིན་རུང་ བློན་པོ་གིས་ཞུ་མི་ནང་ ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ འབྲེལ་བ་འཐབ་བཞིན་ན་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱེད་ཀྱི་ཚད་གཞི་སོ་སོ་སྦེ་ཡོད་མི་འདི་ ཚད་དང་ལྡནམ་སྦེ་བཟོ་ནི་གི་དོན་ལས་ ཐབས་ལམ་བཏོན་ནི་གི་ རྩིས་རྐྱབ་འོང་ཟེར་ཨིན་མས།