གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

རྒྱལ་ཡོངས་ཚོགས་འདུའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ ཤེས་རིག་ལྷན་ཁག་ལུ་ རྒྱབ་སྣོན་ཁག་༨ ཕུལ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ རྒྱལ་ཡོངས་ཚོགས་འདུའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ ད་རིས་ ལོ་༥འཆར་གཞི་༡༢པའི་ནང་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་གྲུབ་ནི་གི་དོན་ལས་ ཤེས་རིག་གི་ཐད་ཁར་ རྒྱལ་ཡོངས་ཀྱི་གྲུབ་འབྲས་གཙོ་ཅན་གུ་ལུ་ སྙན་ཞུ་ཕུལ་བའི་སྐབས་ལུ་ རྒྱབ་སྣོན་ཁག་༨ཕུལ་ཏེ་འདུག

འདི་ཡང་ ཚོགས་ཆུང་འདི་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་༤པ་ ཤེས་རིག་གི་སྤུས་ཚད་ཀྱི་ཐོག་ལུ་ སྙན་ཞུ་ཕུལ་དགོ་པའི་སྐོར་ལས་ འགན་ཁུར་སྤྲོད་དེ་ཡོདཔ་ནི་འདི་གིས་ཨིན་མས།

ཚོགས་ཆུང་འདི་གིས་ མཐའ་ཟུར་གྱི་ས་གནས་ཚུ་ནང་ ཤེས་རིག་གི་གོ་སྐབས་དང་ ཁྱད་ཆོས་ཚང་པའི་ཤེས་ཡོན་སྤྲོད་ནི་ དེ་ལས་ སྤྱིར་བཏང་ཤེས་རིག་གི་སྤུས་ཚད་ཀྱི་ཐད་ཁར་ གདོང་ལེན་འབྱུང་སྟེ་རང་ཡོདཔ་སྦེ་ གསལ་སྟོན་འབྱུང་སྟེ་འདུག

འདི་འབདཝ་ལས་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ལོ་ཚད་འདི་ བསྐྱར་ཞིབ་འབད་བཞིན་ན་ གཏན་འཁེལ་བཟོ་དགོ་པའི་སྐོར་དང་

ཤེས་རིག་གི་སྲིད་བྱུས་ལམ་སྟོན་དང་འཁྲིལ་ཏེ་ སློབ་ཁང་གི་ཚད་གཞི་ཚུ་ རྒྱུན་སྐྱོང་འབད་དགོ་པའི་སྐོར་ལས་ཡང་ རྒྱབ་སྣོན་ཕུལ་ནུག

ཚོགས་ཆུང་འདི་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་གི་འོག་ལུ་ཚུད་ཡོད་པའི་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སློབ་སྦྱོང་གི་ རྒྱལ་ཡོངས་ཀྱི་གྲུབ་འབྲས་གཙོ་ཅན་འདི་ ལས་གཡོག་ལྷན་ཁག་གི་འོག་ལུ་ བཙུགས་དགོཔ་འདུག་ཟེར་ཨིན་མས།

ད་རུང་ ཚོགས་ཆུང་འདི་གིས་ སློབ་ཕྲུག་ཚུ་གི་གྲུབ་འབྲས་བལྟ་ནི་གི་དོན་ལུ་ ཆོས་རྒྱུགས་ཀྱི་ལམ་ལུགས་རྐྱངམ་ཅིག་མེན་པར་ དུས་རྒྱུན་ཤེས་ཡོན་ལྕོགས་གྲུབ་ཀྱི་ དབྱེ་དཔྱད་ལམ་ལུགས་གཅིག་ གཞི་བཙུགས་འབད་ནི་ཟེར་མི་འདི་ གཞན་མི་སློབ་གྲྭ་ཚུ་ནང་ལས་ཕར་ ལག་ལེན་མ་འཐབ་པའི་ཧེ་མ་ སློབ་གྲྭ་དག་པ་ཅིག་ནང་ མོ་བཏབ་འབད་དགོ་པའི་ གྲོས་འཆར་ཕུལ་ནུག

དེ་ལས་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ ཨ་ལུའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་འདི་ གཙོ་རིམ་ཅན་གཅིག་སྦེ་རྩིས་དོ་ཡོད་མི་དང་འབྲེལ་ ལས་རིམ་འདི་ རྒྱལ་ཡོངས་ལུ་ ཁྱབ་ཚུགསཔ་སྦེ་བཟོ་ནི་གི་དོན་ལས་ ལོ་༣ལས་༥གི་བར་ན་འབད་མི་ ཨ་ལུ་༡༠དེ་ཅིག་ཡོད་རུང་ ལྟེ་བ་གསརཔ་གཞི་བཙུགས་འབད་དགོ་པའི་ གྲོས་འཆར་ཕུལ་ཡི།

འདི་བཟུམ་སྦེ་ ཤེས་རིག་འདི་ རྒྱལ་ཡོངས་ཀྱི་ལས་སྡེ་གཙོ་བོ་ཅན་ཨིནམ་ལས་ ད་རེས་ཀྱི་འཆར་གཞི་ནང་རང་ ཤེས་རིག་གི་དཔྱད་ཡིག་གཅིག་ ངེས་པར་དུ་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ་མ་ཚད་ སློབ་དཔོན་གསརཔ་ཚུ་བཙུགས་པའི་སྐབས་ ཉམས་མྱོང་ཡོད་མི་དང་མེད་མི་༢ཆ་རང་ བཙུགས་དོ་ཡོདཔ་ལས་ གསར་བཙུགས་ཀྱི་སྲིད་བྱུས་འདི་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་མས།

མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སློབ་གྲྭ་ལྟེ་བ་ཚུ་ ཡུན་བརྟན་སྦེ་བཞག་ནི་གི་དོན་ལུ་ སློབ་གྲྭ་ལྟེ་བའི་སྲིད་བྱུས་བསྐྱར་ཞིབ་ཚུ་ འབད་དགོ་པའི་རྒྱབ་སྣོན་ཕུལ་ཡོདཔ་ཨིན་མས།