གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

གཞུང་གིས་ གསོ་བའི་གཞི་རྟེན་སྨན་ཁང་ སྡེ་རིམ་༢པ་ག་རའི་ནང་ལུ་ ནད་པའི་འགྲུལ་འཁོར་ཚུ་ བཏང་མི་ཚུགས་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ ད་རིས་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་གྱི་སྐབས་ལུ་ གསོ་བའི་བློན་པོ་བདེ་ཆེན་དབང་མོ་གིས་ཞུ་མི་ནང་ གཞུང་གི་ཁ་ཐུག་ལས་ ལོ་༥འཆར་གཞི་༡༢པའི་ནང་ལུ་ གསོ་བའི་གཞི་རྟེན་སྨན་ཁང་ སྡེ་རིམ་༢པ་ག་རའི་ནང་ལུ་ ནད་པའི་འགྲུལ་འཁོར་ཚུ་ བྱིན་མི་ཚུགས་ནི་མས་ཟེར་ཞུ་ཡི།

འདི་བསྒང་ ཧཱ་རྫོང་ཁག་ གསང་སྦས་ཁ་འདེམས་ཁོངས་ཀྱི་འཐུས་མི་ རྡོ་རྗེ་དབང་མོ་གིས་ གསོ་བའི་བློན་པོ་ལུ་ ནད་པའི་འགྲུལ་འཁོར་ཚུ་ཡང་ གནད་དོན་ག་ཅི་ལུ་གཞི་བཞག་སྟེ་ བགོ་བཀྲམ་འབདཝ་ཨིན་ན་ཟེར་ དྲི་བ་ཞུ་ནུག

འདི་ལུ་ བློན་པོ་གིས་བཀོད་མི་ནང་ སྤྱི་ལོ་༢༠༡༨་ཀྱི་ ནད་པའི་འགྲུལ་འཁོར་ཞབས་ཏོག་གི་ ལས་སྟོན་ནང་ལྟ་བ་ཅིན་ ནད་པའི་འགྲུལ་འཁོར་ཚུ་བགོ་བཀྲམ་འབད་ནི་གི་ ཐབས་ལམ་༣་ཡོདཔ་སྦེ་ཨིན་མས།

འདི་ཡང་ ནདཔ་གི་གྱངས་ཁ་མང་སུ་སྦེ་འོང་མི་དང་ ས་ཆའི་ཆགས་ཚུལ་ དེ་ལས་ ས་གོ་འདི་ནང་གི་ མི་རློབས་ཀྱི་གྱངས་ཁ་ཚུ་ལུ་བལྟ་སྟེ་ འགྲུལ་འཁོར་ཚུ་ བགོ་བཀྲམ་འབད་དོ་ཡོདཔ་སྦེ་ཞུ་ཡི།

གཞུང་གིས་ ལོ་༥འཆར་གཞི་༡༢པའི་ནང་ལུ་ ནད་པའི་འགྲུལ་འཁོར་༣༡ཉོ་ནི་གི་དོན་ལས་ འཆར་དངུལ་གྱི་གྲོས་འཆར་ཕུལ་ཏེ་ཡོདཔ་ད་ འདི་ཚུ་གི་གྲལ་ལས་ འགྲུལ་འཁོར་༡༨འདི་ ལོ་༡༠ལྷགཔ་ཅིག་གི་རིང་ལུ་ གཡོག་བཀལ་ཏེ་ཡོད་པའི་ འགྲུལ་འཁོར་ཚུ་གི་ཚབ་སྦེ་ ལག་ལེན་འཐབ་ནི་གི་དོན་ལུ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ནད་པའི་འགྲུལ་འཁོར་༡༡༦ཡོདཔ་ད་ གསོ་བའི་གཞི་རྟེན་སྨན་ཁང་ སྡེ་རིམ་༢པ་༢༡༡ཡོད་ས་ལས་ སྨན་ཁང་༡༦ལུ་རྐྱངམ་གཅིག་ ནད་པའི་འགྲུལ་མཁོར་གྱི་ཞབས་ཏོག་ཚུ་ ཡོདཔ་ཨིན་མས།